གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཐིམ་ཕུག་ ཁ་ས་གྲབ་ཆུ་ཡན་ལག་ཁྲོམ་སྡེ་གི་ ས་ཁྲ་གསརཔ་ཅིག་བཟོ་བའི་བསྒང་ར་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༦

NewMap-KhasadrapchuYenlagThromde༉ ཞབས་ཏོག་ལྷན་ཁག་གིས་ ཐིམ་ཕུག་རྫོང་ཁག་ སྨད་ཝང་རྒེད་འོག་གི་ ཁ་ས་གྲབ་ཆུ་ཡན་ལག་ཁྲོམ་སྡེ་གི་དོན་ལུ་ ཁྲོམ་སྡེའི་ས་ཁྲ་གསརཔ་ཅིག་ བཟོ་ནི་ཨིན་མས།

འདི་ཡང་ ན་ཧིང་ སྤྱི་ཚོགས་ཀྱིས་ ཁ་ས་གྲབ་ཆུ་ཡན་ལག་ཁྲོམ་སྡེ་གི་ ས་ཁྲ་འཛོལ་བ་ཡོད་མི་ཅིག་ ཆ་འཇོག་གནང་སྟེ་ ཡོད་མི་ལས་བརྟེན་ཏེ་ཨིན་མས།

ས་ཁྲ་འདི་ཡང་ ཁ་ས་གྲབ་ཆུ་ཡན་ལག་ཁྲོམ་སྡེ་གི་འོག་ལུ་ ཚ་ཕུག་གཡུས་ཚན་ ཚུད་མི་ལས་བརྟེན་ཏེ་ ནོར་བ་འབྱུང་སྟེ་འདུག

ཡན་ལག་ཁྲོམ་སྡེ་གི་ས་སྒོ་ངོ་མ་འདི་ བྱང་ཁ་ཐུག་ ཨ་ད་ལུངམ་ལས་ ལྷོ་ཁ་ཐུག་ ཁ་ས་ཁ་གི་སོ་ནམ་ཞིང་ལམ་ཚུན་ ཚུདཔ་ཨིན་མས།

སྨད་ཝང་རྒཔོ་ རྟ་མགྲིན་པདྨ་གིས་སླབ་མི་ནང་ ས་ཁྲ་འདི་ བཅོ་ཁ་མ་རྐྱབ་པ་ཅིན་ ཡན་ལག་ཁྲོམ་སྡེ་ནང་ལུ་ གོང་འཕེལ་གྱི་ལཱ་ཚུ་འབད་བའི་སྐབས་ སྟབས་མ་བདེཝ་འཐོན་ནི་གི་ ཉེན་ཁག་ཡོད་ཟེར་བཤད་ཅི།

གནད་དོན་འདི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ཅིག་ཁར་ གྲོས་བསྟུན་འབད་ཡོདཔ་ཨིན་རུང་ ས་ཁྲ་འདི་ སྤྱི་ཚོགས་ཀྱིས་ཆ་འཇོག་གནང་སྟེ་ཡོདཔ་ལས་ བསྒྱུར་བཅོས་འབད་མི་ཚུགས་འོང་ཟེར་ གསུང་སྟེ་ཡོདཔ་ཨིན་མས།

ཨིན་རུང་ སྨད་ཝང་རྒཔོ་གིས་ གནད་དོན་འདི་གི་སྐོར་ལས་ ད་རུང་རང་ ཕྲལ་ཁམས་ཅིག་ཁར་ ཚོགས་དཔོན་ལུ་ཞུ་བ་ཕུལ་བའི་སྐབས་ ཚོགས་དཔོན་གྱིས་ དེ་འཕྲོས་ལས་རང་ ཞབས་ཏོག་ལས་ཁུངས་དང་ཅིག་ཁར་ གསུང་གྲོས་གནང་ནུག

འདི་འབདཝ་ལས་ ས་ཁྲ་འདི་ ད་རེས་ ལོག་སྟེ་རང་ བཟོ་དོ་ཡོདཔ་ལས་ ཞབས་ཏོག་ལས་ཁུངས་དང་འཁྲིདཔ་ད་ ཁ་ས་གྲབ་ཆུ་ཡན་ལག་ཁྲོམ་སྡེ་གི་ ས་ཁྲ་གསརཔ་འདི་ ཟླཝ་གཅིག་གི་ནང་ལུ་ བཟོ་ཚར་འོང་ཟེར་ཨིན་མས།

ཁ་ས་གྲབ་ཆུ་ཡན་ལག་ཁྲོམ་སྡེ་ནང་ལུ་ ད་རེས་ཡོད་པའི་ཁ་ས་གྲབ་ཆུ་གི་ཁྲོམ་དང་ སི་གེ་ དེ་ལས་ ཁ་ས་གྲབ་ཆུ་གཡུས་ཚན་ཚུ་ཚུདཔ་ཨིན་མས།