གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

སློབ་གྲྭ་ནང་ལས་ཕར་ ལུས་ཐོག་ཉེས་ཁྲིམས་བཀལ་ནི་འདི་ བཀག་ཆ་འབད་མི་འདི་གིས་ སྒྲིགས་སྲུང་པར་ལཱ་ཁག་བཏང་དོ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༦

CorporalPunishment༉ ཐིམ་ཕུག་ལུ་ ང་བཅས་རྒྱང་བསྒྲགས་ཀྱིས་ དྲི་ལན་འབད་དེ་ཡོད་མི་ སློབ་དཔོན་མང་ཤོས་ཅིག་གིས་སླབ་མི་ནང་ སློབ་གྲྭ་ཚུ་ནང་ལས་ཕར་ ལུས་ཐོག་ཉེས་ཁྲིམས་འདི་ བཀག་ཆ་འབད་བའི་ཤུལ་ལུ་ སློབ་གྲྭ་ནང་ལུ་ སྒྲིགས་ཁྲིམས་ཚུ་ ཚུལ་དང་མཐུནམ་སྦེ་བཞག་ནི་ལུ་ ལཱ་ཁག་བཏང་སྟེ་ཡོད་ཟེར་ཨིན་མས།

སློབ་དཔོན་ཚུ་གིས་སླབ་མི་ནང་ སློབ་ཕྲུག་ལ་ལོ་ཅིག་གིས་ ལམ་ལུགས་འདི་ ལོག་སྤྱོད་འབདཝ་མས་ཟེར་བཤད་ཅི།

སློབ་གྲྭ་ཚུ་ནང་ལས་ཕར་ ལུས་ཐོག་ཉེས་ཁྲིམས་འདི་ སྤྱི་ལོ་༢༠༡༢་སྐོ་ཆ་ཅིག་ལས་ བཀག་ཆ་འབད་དེ་ཡོདཔ་ཨིན།

འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ སློབ་ཕྲུག་གཅིག་གིས་ སློབ་དཔོན་གུ་ མཛོག་བླུགས་པའི་ཤུལ་ལུ་ སློབ་ཕྲུག་འདི་ ཁྲིམས་སྲུང་འགག་པ་གིས་ བཟུང་ཡོདཔ་ཨིན།

སློབ་ཕྲུག་འདི་ ཞིབ་དཔྱད་འབད་བལྟ་བའི་སྐབས་ལུ་ སྨྱོ་རྫས་སྐྱེས་ལྷ་སྤྱོད་ཡོདཔ་སྦེ་མཐོང་ནུག

མི་ལ་ལོ་ཅིག་གིས་འབད་བ་ཅིན་ དེ་བཟུམ་མའི་གནས་སྟངས་འདི་ སློབ་གྲྭ་ཚུ་ནང་ལས་ཕར་ ལུས་ཐོག་ཉེས་ཁྲིམས་ མེད་མི་ལུ་བརྟེན་ བྱུངམ་ཨིན་མས་ཟེར་བཤད་ཅི།

 སློབ་དཔོན་ཚུ་གིས་སླབ་མི་ནང་ སློབ་ཕྲུག་ལ་ལོ་ཅིག་ སློབ་གྲྭ་ནང་ལུ་ ཏམ་ཁུ་དང་ ཏམ་ཁུའི་འཐོན་སྐྱེད་ཀྱི་རིགས་ཚུ་ སྤྱོད་ཞིནམ་ལས་འོང་མས་ཟེར་ཨིན་མས།

ཤེས་རིག་ལྷན་ཁག་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ སློབ་གྲྭ་ཚུ་ནང་ལས་ཕར་ སྒྲིགས་ཁྲིམས་ཀྱི་ཐབས་བྱུས་ སོ་སོ་ཚུ་ལག་ལེན་འཐབ་ནི་ཡོད་ཟེར་ཨིན་མས།

ད་རེས་ སློབ་གྲྭ་ཚུ་ནང་ལས་ཕར་ སྟབས་མ་བདེཝ་རེ་འཐོན་པའི་སྐབས་ སློབ་ཕྲུག་ཚུ་ལུ་ བསླབ་བྱ་རེ་བྱིན་དོ་ཡོདཔ་མ་ཚད་ ཁོང་རའི་ ཕམ་ཚུ་ལུ་ཡང་ སྙན་ཞུ་འབད་དོ་ཡོདཔ་ཨིན།