གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

སྤུ་ན་ཁ་ལུ་ རླུང་འཚུབས་ལས་བརྟེན་ཏེ་ སྡོད་ཁྱིམ་ཚུ་ལུ་ གནོད་རྐྱེན་རྐྱབ་སྟེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༩ ༢༠༡༦

RICB-assessing-damages-caused-by-Thursday-windstorm-༉ གཟའ་པ་སངས་ཀྱི་ཚེས་ སྤུ་ན་ཁ་རྫོང་ཁག་ནང་ལུ་ རླུང་འཚུབས་ལས་བརྟེན་ཏེ་ གནོད་རྐྱེན་རྐྱབ་སྟེ་ཡོད་པའི་ སྡོད་ཁྱིམ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ནང་ལས་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་རང་འདུག

རླུང་འཚུབས་ལས་བརྟེན་ཏེ་ རྫོང་ཁག་འདི་ནང་ རྒེད་འོག་༡༡་འབད་ས་ལས་ རྒེད་འོག་༣གྱི་ སྡོད་ཁྱིམ་ཚུ་ལུ་ གནོད་རྐྱེན་རྐྱབ་སྟེ་ཡོདཔ་ཨིན་མས།

རྫོང་ཁག་འདི་ནང་གི་་ སྡོད་ཁྱིམ་ཚུ་ལུ་ གནོད་རྐྱེན་རྐྱབ་སྟེ་ཡོད་མི་ཚུ་གི་གྲལ་ལས་ དཀར་སྦི་ས་རྒེད་འོག་ དཔལ་ལྟ་རི་སྤྱི་འོག་ནང་ལས་ རྣམ་རྒྱས་དབངམོ་གི་ ཁྱིམ་འདི་ཨིན་མས།

རྣམ་རྒྱས་ཀྱི་ཁྱིམ་ཐོག་འདི་ བརྒྱ་ཆ་༩༠་དེ་ཅིག་ མེདཔ་བཏང་སྟེ་ཡོདཔ་ཨིན་མས།

དཔལ་ལྟ་རི་སྤྱི་འོག་ནང་ལུ་ རྣམ་རྒྱས་ཀྱི་ཁྱིམ་འདི་རྩིས་ཏེ་ ཁྱིམ་གུང་པ་༢༠་དེ་ཅིག་གིས་ ཁྱིམ་ཐོག་ཚུ་ ཤུབས་བདའ་ཡོདཔ་ཨིན་མས།འདི་བཟུམ་སྦེ་ རླུང་འཚུབས་འདི་གིས་ དགོན་ཤར་རི་རྒེད་འོག་ནང་ལུ་ཡང་ ཁྱིམ་གུང་པ་༡༧་དེ་ཅིག་གི་ ཁྱིམ་ཐོག་ཚུ་ ཤུབས་བདའ་སྟེ་སྦེ་འདུག

ད་རུང་ ཆུ་སྦུག་རྒེད་འོག་ནང་བཟུམ་ཅིག་འབད་བ་ཅིན་ སེའུ་ལ་བཤད་གྲྭའི་ཐབ་ཚང་གི་ ཁྱིམ་ཐོག་ཚུ་ ཧིང་སངས་ས་སྦེ་རང་ ཤུབས་བདའ་སྟེ་ཡོདཔ་ཨིན་མས།

ཨིན་རུང་ རླུང་འཚུབས་འདི་ལས་བརྟེན་ཏེ་ ད་ལྟོ་ཚུན་ཚོད་ མིའི་ཚེ་སྲོག་ལུ་ ཤི་རྐྱེན་དང་རྨ་རྐྱེན་བྱུང་ཡོད་པའི་ སྙན་ཞུ་ཚུ་ག་ནི་ཡང་མེདཔ་ཨིན།

གཟའ་པ་སངས་གི་ཚེ་ རྐྱེན་ངན་འདི་བྱུང་ཚརཝ་ཅིག་རང་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ཉམས་རྒུདཔ་ཚུ་ལུ་ ཏིར་པ་ཚུ་བྱིན་ནུག

ད་རེས་ རྒྱལ་གཞུང་ཉེན་སྲུང་ཡིག་ཚང་ནང་ལས་ འགོ་དཔོན་ཚུ་གིས་ དཀར་སྦི་ས་རྒེད་འོག་ནང་ལུ་ ཞིབ་དཔྱད་ཚུ་ ད་རེས་ འབད་ཚར་ཏེ་སྦེ་འདུག

རྒེད་འོག་འདི་ནང་ལུ་ ཁྱིམ་གུང་པ་༢༠་དེ་ཅིག་ལུ་ གནོད་རྐྱེན་རྐྱབ་སྟེ་ཡོད་ས་ལས་ གུང་པ་༢་འདི་ ཉེན་བཅོལ་མ་འབད་བར་ཡོདཔ་ཨིན་མས། ཁོང་འགོ་དཔོན་ཚུ་གིས་སླབ་མི་ནང་ ད་ལས་ཕར་ ཉེན་བཅོལ་གྱི་ཐོབ་ལམ་འདི་ཚུ་ བདུན་ཕརག་གཉིས་ཀྱི་ནང་་འཁོད་ལུ་ བཟོ་ཚར་འོང་ཟེར་ཨིན་མས།