གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ནཱ་ཧིང་ སློབ་རིམ་བཅུ་པའི་སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ ལེགས་ཤོམ་མེདཔ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༦

ClassXnewPaperPattern༉ ནཱ་ཧིང་ སློབ་རིམ་བཅུ་པའི་ཆོས་རྒྱུགས་ནང་ལུ་ རྩིས་དང་ཚན་རིག་ དེ་ལས་ དཔལ་འབྱོར་གྱི་ཆོས་ཚན་ཚུ་ནང་ལུ་ མང་ཤོས་ཅིག་གི་ར་ ལེགས་ཤོམ་སྦེ་ འབད་མ་ཚུགས་པ་ཡོདཔ་ཨིན།

འདི་ཡང་ ཆོས་ཚན་ཚུ་ སློབ་སྟོན་འབད་མི་ སློབ་དཔོན་མང་ཤོས་ཅིག་གིས་སླབ་མི་ནང་ ཆོས་ཚན་འདི་ཚུ་ནང་ལུ་ སློབ་ཕྲུག་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་ཅིག་སྦེ་ བཏོན་མ་ཚུགས་མི་འདི་ གཙོ་བོ་ར་ དྲི་བ་འདི་ཚུ་ མང་ཤོས་ཅིག་ར་ ཆོས་ཚན་རྩ་གཞུང་དང་འཁྲིལ་ཏེ་ མེད་མི་ལས་བརྟེན་ཏེ་ ཨིན་ཟེར་བཤད་ཅི།

རྩིས་ཀྱི་སློབ་དཔོན་ཅིག་ཨིན་མི་ དུར་བྷ་ཀུ་མར་གི་རི་གིས་སླབ་མི་ དྲི་བ་ཚུ་མང་ཤོས་རང་ དབྱེ་དཔྱད་འབད་དགོཔ་རྩང་རྩ་ར་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་ལེགས་ཤོམ་འབད་ རྐྱབ་མ་ཚུགས་པས་ཟེར་ཨིན་མས།

འདི་ཡང་ དམིགས་བསལ་གྱིས་ རྩིས་ཀྱི་ནང་ལུ་འབད་བ་ཅིན་ དྲི་བ་དུམ་གྲ་ཅིག་འགྱུར་བཅོས་འབད་དེ་བཀོད་ད་རུང་ སློབ་ཕྲུག་ཚུ་གིས་ ལན་བརྐྱབ་ཚུགས་པ་ལཱ་ཁག་བཏང་མས་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ རྩིས་ཀྱི་ཆོས་ཚན་ནང་རྐྱངམ་ཅིག་མེན་པར་ གཞན་མི་ཆོས་ཚན་ཚུ་ནང་ཡང་ དྲི་བ་འདི་ མང་ཤོས་ཅིག་ར་ དབྱེ་དཔྱད་འབད་དེ་ ལན་བརྐྱབ་དགོཔ་སྦེ་ར་སྡོད་ཡི་ཟེར་ཨིན་མས།

འདི་བཟུམ་སྦེ་ སློབ་དཔོན་གཞན་མི་ཚུ་གིས་སླབ་མི་ནང་ སློབ་ཕྲུག་ཚུ་གིས་ དཔལ་འབྱོར་ཆོས་ཚན་ནང་ལུ་ སྐུགས་ལེགས་ཤོམ་ཅིག་སྦེ་ མ་ཐོབ་མི་འདི་གཙོ་བོ་ར་ དྲི་བ་མང་ཤོས་ཅིག་ར་ ཀི་དེབ་ནང་ལས་མེན་པར་ མི་ཚེ་ནང་ལུ་ ངོ་མ་སྦེ་ཉམས་མྱོང་བྱུང་དོ་ཡོད་མི་ཚུ་དང་ འབྲེལ་མཐུན་འབད་དེ་ ལན་བརྐྱབ་དགོཔ་སྦེ་ ཡོད་མི་ལས་བརྟེན་ཏེ་ ཨིནམ་བཟུམ་ཅིག་འདུག་ཟེར་ཨིན་མས།

འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་ནང་ལས་ སངས་རྒྱས་བསྟན་འཛིན་གྱིས་སླབ་མི་ནང་ དྲི་བ་འདི་ཚུ་ག་ར་ ཆོས་ཚན་རྩ་གཞུང་དང་འཁྲིལ་ཏེ་ར་ཨིན་ཟེར་བཤདཔ་ཨིན་མས།

ཁོ་གིས་སླབ་མི་ནང་ དྲི་བ་འདི་ཚུ་ག་ར་ སློབ་རིམ་བཅུ་པའི་ ཆོས་ཚན་རྩ་གཞུང་འདི་ སེམས་ཁར་བཞག་སྟེ་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་དཔོན་ཚུ་གིས་ར་ བཟོ་ཡི་ཟེར་ཨིན་མས།