གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

གསར་སྤང་ལས་ ད་རུང་རང་ འབྲུག་མི་བཙན་ཁྲིད་འབད་དེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༤ ༢༠༡༦

Abduction-Sarpang༉ གསར་སྤང་རྫོང་ཁག་ བསམ་གཏན་གླིང་རྒེད་འོག་ བསམ་གཏན་གླིང་གཡུས་ཚན་ནང་ལས་ ཁ་ཙ་ སྐྱེས་ལོ་༡༢་དང་༡༦་ལང་མི་བུཚ་གཉིས་དང་ སྐྱེས་ལོ་༢༧་ལང་མི་ ཕོ་སྐྱེས་གཅིག་བཙན་ཁྲིད་འབད་ནུག

ཨིན་རུང་ ཁོང་གསུམ་གྱི་གྲལ་ལས་ ཁ་སླབ་མ་ཤེས་མི་ཅིག་ཨིན་མི་ སྐྱེས་ལོ་༡༢་ལང་མི་བུཚ་འདི་ ཁྲིམས་སྲུང་འགག་པ་གིས་ ད་ས་དྲོ་པ་ རྒྱ་འབྲུག་ས་མཚམས་ཀྱི་ས་སྒོ་ནང་ལས་ ལོག་ཐོབ་སྟེ་སྦེ་འདུག

བྱ་ངན་འདི་ཡང་ ཁ་ཙ་ཕྱི་རུ་ཆུ་ཚོད་༨་དེ་ཅིག་ཁར་བྱུང་ཡོདཔ་ད་ འདི་ཡང་ བསམ་གཏན་གླིང་གཡུས་ཚན་ནང་ལུ་ ཕགཔ་གསོ་སྐྱོང་ཁང་ཅིག་ཡོད་མི་ ན་ན་ཕགཔ་གསོ་སྐྱོང་ཁང་ནང་ལས་འབྱུང་ཡོདཔ་ཨིན་མས།

ད་ལྟོ་འཚོལ་མ་ཐོབ་པར་ཡོད་མི་ ཕོ་སྐྱེས་གཉིས་ཀྱི་གྲལ་ལས་ སྐྱེས་ལོ་༡༦་ལང་མི་བུཚ་འདི་ སློབ་ཕྲུག་གཅིག་ཨིནམ་ད་ གཞན་མི་འདི་ ཕགཔ་གསོ་སྐྱོང་ཁང་འདི་ནང་ལུ་ སྣུམ་འཁོར་བཏང་སྟེ་སྡོད་མི་ཅིག་ཨིན་མས།

ཁོང་འབྲུག་མི་གསུམ་བཙན་ཁྲིད་འབད་དེ་ཁྱིད་བའི་སྐབས་ དེད་གཡོགཔ་འདི་གི་ཨམ་སྲུ་གིས་ཡང་མཐོང་ཡོདཔ་ལས་ མོ་གིས་སླབ་མི་ནང་ ཁོང་་ཆ་ཁྱབ་ མཚན་ཆ་འབག་མི་ཕོ་སྐྱེས་དྲུག་འོང་བཞིན་ན་ ཀྲོབ་མདའ་དཔག་སྟེ་ ཁྱིད་འབག་འགྱོ་ཡི་ཟེར་བཤད་ཅི།

འདི་བཟུམ་སྦེ་ ད་ལྟོ་ལོག་ལྷོད་དེ་ཡོད་མི་ བུཚ་འདི་གིས་སླབ་མི་ནང་ ཁོང་གསུམ་ཆ་ར་ ཁ་ཙ་ཞག་ རྒྱ་འབྲུག་ས་མཚམས་ཁར་ཉལ་བཅུག་ཡི་ཟེར་བཤད་ཅི།

ཨིན་རུང་ དྲོ་པ་འབད་བའི་བསྒང་ལས་ གཞན་མི་ཕོ་སྐྱེས་གཉིས་འདི་ཁྱིད་བཞིན་ན་ ཁོ་ འདི་ཁ་ལས་ ལོག་བཏང་ད་ཡི་ཟེར་ཨིན་མས།

ད་ལྟོ་འཚོལ་མ་ཐོབ་པར་ཡོད་མི་ ཕོ་སྐྱེས་གཉིསཔ་འདི་ རྒྱལ་ཁབ་གཉིས་ཀྱི་ཁྲིམས་སྲུང་འགག་པ་དང་ དམག་མི་ཚུ་གིས་ འཚོལ་བའི་བསྒང་རང་ཡོདཔ་ཨིན་མས།

ན་ན་ཕགཔ་གསོ་སྐྱོང་ཁང་འདི་ དགེ་ལེགས་ཕུག་དང་གསར་སྤང་གི་གཞུང་ལམ་གྱི་ལྟག་ལུ་ རྒྱ་འབྲུག་ས་མཚམས་ལས་མི་ཀྲར་༦༠༠་དེ་ཅིག་གི་ས་ཁར་ ཆགས་ཏེ་སྦེ་འདུག