གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

རྒྱལ་ཁབ་ནང་ལུ་ རླུང་མ་ལས་བརྟེན་ གློག་མེའི་ནུས་ཤུགས་བཟོ་ནིའི་མོ་བཏབ་ལས་འགུལ་གྱི་དོན་ལས་ འཕྲུལ་ཆས་གཉིས་བཟོ་སྟེ་ཡོད་མི་འདི་ འགོ་འབྱེད་གནང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༧ ༢༠༡༦

Bhutan-gets-its-first-wind-turbines ༉ དབང་འདུས་ཕོ་བྲང་རྫོང་ཁག་ རུས་སྦིས་ས་གཡུས་མཚན་ནང་ལུ་ རླུང་མ་ལས་བརྟེན་ གློག་མེའི་ནུས་ཤུགས་བཟོ་ནིའི་མོ་བཏབ་ལས་འགུལ་གྱི་དོན་ལས་ འཕྲུལ་ཆས་གཉིས་བཟོ་སྟེ་ཡོད་མི་འདི་ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་སྦེ་ འགོ་འབྱེད་གནང་ཡི།

ལས་འགུལ་འདི་ཡང་ རྒྱལ་ཁབ་ནང་ལུ་ ནུས་ཤུགས་ཀྱི་ཉེན་སྲུང་ རྒྱ་བསྐྱེད་བཏང་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དང་འབྲེལ་ཏེ་ཨིནམ་ད་ འཕྲུལ་ཆས་གཉིསཔོ་འདི་གིས་ ཁྱིམ་གུང་པ་༣༠༠་ལུ་ གློག་མེ་བཀྲམ་སྤེལ་འབད་ཚུགས་ནི་ཨིན་མས།

འཕྲུལ་ཆས་གཉིསཔོ་འདི་ཡང་ བསྟན་རྒྱས་ལྷན་ཁག་འོག་གི་ སླར་བྱུང་ནུས་ཤུགས་ལས་ཁུངས་ཀྱིས་ གཞི་བཙུགས་འབད་ཡོདཔ་ད་ འཕྲུལ་ཆས་འདི་གཞི་བཙུགས་འབད་ཚར་ཚར་ལུ་ ལོ་ཕྱེད་ད་༢་འགོར་ནུག

འཕྲུལ་ཆས་རེ་རེ་གིས་ ནུས་ཤུགས་ཀི་ལོ་ཝཊ་༣༠༠་རེ་ བཟོ་ཚུགས་དོ་ཡོདཔ་ད་ འཕྲུལ་ཆས་རེ་གིས་ ཁྱིམ་༡༥༠་ལུ་ གློག་མེ་བཀྲམ་ཚུགས་ནི་ཨིན་མས།

སླར་བྱུང་ནུས་ཤུགས་ལས་ཁུངས་ནང་ལས་ མདོ་ཆེན་ངོ་ཚབ་ སྨད་དབང་རྒྱལ་མཚན་གྱིས་སླབ་མི་ནང་ ནུས་ཤུགས་ལུ་མཁོ་འདོད་བསྐྱེད་མི་ ཡར་སེང་འགྱོ་མི་དང་ ས་སྣུམ་ནང་འདྲེན་གྱི་ཚད་གཞི་ ཡར་སེང་འགྱོ་མི་ དེ་ལས་ གནམ་གཤིས་འགྱུར་བ་ལུ་བརྟེན་ ཆུ་ལས་བརྟེན་པའི་གློག་མེ་ལུ་བརྟེན་ནི་འདི་ ཉེན་ཁ་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ སླར་བྱུང་ནུས་ཤུགས་ཀྱི་ཐབས་ཤེས་ སོ་སོ་ཚུ་ནང་ མ་རྩ་བཙུགས་ནི་འདི་ ཁག་ཆེཝ་སྦེ་འཐོན་ཏེ་ཡོད་ཟེར་བཤད་ཅི།

མོ་བཏབ་ཀྱི་ལས་འགུལ་འདི་ཡང་ རླུང་མ་ལས་བརྟེན་ གློག་མེ་བཟོ་ནིའི་ འཕྲུལ་རིག་གི་འོས་བབས་ བལྟ་ནིའི་དོན་ལུ་བཟོ་ཡོདཔ་ཨིན་མས།

དངུལ་ཀྲམ་ས་ཡ་༡༧༧་གནས་པའི་ ལས་འགུལ་འདི་ཡང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་དང་ འབྲུག་གཞུང་གི་ མ་དངུལ་རྒྱབ་བསྐྱོར་འབད་དེ་ འགོ་འདྲེན་འཐབ་ནུག

སླར་བྱུང་ནུས་ཤུགས་ལས་ཁུངས་ཀྱིས་ ཞིབ་འཇུག་གཅིག་འབད་མི་དང་འཁྲིལཔ་ད་ འབྲུག་རྒྱལ་ཁབ་ནང་ལུ་ རླུང་མ་ལས་བརྟེན་པའི་ ནུས་ཤུགས་མེ་ག་ཝཊ་༣༢༣་བཟོ་ཚུགས་པའི་ ནུས་པ་ཡོདཔ་སྦེ་ཨིན་མས།