གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

ཤེལ་རྔ་བྱེ་མི་རྒེད་འོག་གི་ མཐོང་སྦྱིས་གཡུས་ཚན་ནང་ལུ་ རང་ལུགས་ཀྱི་ཁྱིམ་ཐོག་གཉིས་འབད་མི་གཅིག་ རྩ་བ་ལས་རང་ མེ་གིས་འཚིགས་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

Houses gutted-Punakha༉ སྤུ་ན་ཁ་རྫོང་ཁག་ ཤེལ་རྔ་བྱེ་མི་རྒེད་འོག་གི་ མཐོང་སྦྱིས་གཡུས་ཚན་ནང་ལུ་ ཁ་ཙ་ རང་ལུགས་ཀྱི་ཁྱིམ་ཐོག་གཉིས་འབད་མི་གཅིག་ རྩ་བ་ལས་རང་ མེ་གིས་འཚིགས་ནུག

མེ་རྐྱེན་འདི་ཡང་ ཁ་ཙ་ཉིན་མ་ཆུ་ཚོད་ཕྱད་ད་༣་དེ་ཅིག་ཁར་འབྱུང་ཡོདཔ་ད་ དེ་བསྒང་ ཁྱིམ་འདི་ནང་ལུ་ མི་ག་ཡང་མེདཔ་ཨིན་མས།

གནས་ཚུལ་བྱུང་ཁུངས་དང་འཁྲིལ་བ་ཅིན་ ཁྱིམ་འདི་ནང་གི་བཟའ་ཚང་ཚུ་ རྒྱལ་ཁབ་ཕྱི་ཁར་ གནས་བསྐོར་ལུ་སོང་སྟེ་ཡོདཔ་སྦེ་ཨིན་མས།

ཤེལ་རྔ་བྱེ་མི་རྒེད་འོག་གི་བདག་སྐྱོང་འགོ་དཔོན་ ཀུན་བཟང་ཆོས་སྒྲོན་གྱིས་སླབ་མི་ནང་ ཁྱིམ་འདི་ འཁོར་ལམ་ལས་ ཐག་རིང་སར་འབདཝ་ལས་ མེ་བསད་སྡེ་ཚན་ཚུ་གིས་ རྒྱུ་དངོས་ཚུ་ཡང་ ག་ནི་ཡང་ བཏོན་མ་ཚུགས་ཟེར་བཤད་ཅི།

ད་རུང་ བདག་སྐྱོང་འགོ་དཔོན་གྱིས་སླབ་མི་ནང་ མེ་རྐྱེན་འདི་ གནད་དོན་ག་ཅི་ལས་བརྟེན་འབྱུང་ཡོདཔ་ཨིན་ན་ མ་ཤེས་པར་ཡོད་ཟེར་ཨིན་མས།

རྐྱེན་ངན་འབྱུང་ས་ལུ་ ད་རིས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ནང་ལས་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཁྱིམ་འདི་ ཉེན་བཅོལ་འབད་དེ་ཡོདཔ་སྦེ་མཐོང་ནུག