གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

རྒྱལ་སྲས་འཁྲུངས་མཆོག་ བྱོན་ཞུ་འབད་ནི་གི་དོན་ལས་ རྟེན་འབྲེལ་ཚོགས་ཆུང་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

TendrelInitiative༉ རྒྱལ་ཁབ་ནང་ལུ་ མགྱོགས་པ་རང་ རྒྱལ་སྲས་འཁྲུངས་ནི་ཨིན་མི་འདི་ བཀྲིས་སྨོན་འདེབས་དང་བཅསཔ་སྦེ་ བྱོན་ཞུ་འབད་ནི་གི་དོན་ལུ་ རྟེན་འབྲེལ་ཚོགས་ཆུང་འདི་ ཁ་ཙ་ འགོ་འབྱེད་འབད་ཡོདཔ་ཨིན།

ལས་རིམ་འདི་གི་ཐོག་ལས་ འབྲུག་མི་ཚུ་གིས་ མི་ཚེ་ནང་ལུ་ གཞན་དང་མ་འདྲ་བའི་ ཁྱད་པར་ཅན་གྱི་དུས་སྟོན་ཅིག་དང་ རྒྱལ་རབ་ཅན་གྱི་ དུས་སྟོན་ནང་ལུ་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཐོབ་ནི་ཨིན་མས།

རྒྱལ་ཁབ་ནང་ལུ་ སང་ཕོད་ རྒྱལ་སྲས་སྐུ་འཁྲུངས་ནི་ཨིན་མི་འདི་ གུ་རུ་རིན་པོ་ཆེ་སྐུ་འཁྲུངས་པའི་ལོ་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ལུ་བྱོན་ཏེ་ མི་ལོ་༤༠༠་འཁོར་བའི་དུས་ཆེན་ཅིག་འབདཝ་ལས་ གཞན་དང་མ་འདྲ་བའི་ལོ་ ཁྱད་པར་ཅན་དང་རྒྱལ་རབ་ཅན་ཅིག་ཨིན་མས།

འཛིན་སྐྱོང་སྤེལ་ཁང་གི་འགེ་འཁྲིད་འབད་དེ་ཡོད་མི་ ཚོགས་ཆུང་འདི་གིས་ མི་སེར་ཚུ་ལུ་ རྒྱལ་སྲས་སྐུ་འཁྲུངས་མི་དང་དུས་མཉམ་ལུ་ གུ་རུ་རིན་པོ་ཆེ་སྐུ་འཁྲུངས་པའི་ལོ་དང་ ཞབས་དྲུང་འབྲུག་ལུ་ཕེབས་བཞིན་ན་ མི་ལོ་༤༠༠་འཁོར་བའི་དུས་ཆེན་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་ནི་ཨིན་མས།

ད་རུང་ ཚོགས་ཆུང་འདི་གིས་ རྒྱལ་སྲས་ཀྱི་དོན་ལུ་ མི་སེར་ཆེ་འབྲིང་ཆེ་གསུམ་ལས་བསྡུ་སྒྲིག་འབད་དེ་ བཀྲིས་ལེགས་སྨོན་གྱི་པར་དེབ་ཅིག་ཡང་ བཏོན་ནི་ཨིན་མས།

འདི་བཟུམ་འབད་ ཚོགས་ཆུང་འདི་གིས་ རྒྱལ་ཁབ་ནང་འཁོད་ལུ་ སྲོང་ཤིང་འབུམ་གཅིག་དང་སྟོང་ཕྲག་བརྒྱད་བཙུགས་ནི་ཨིན་མས།