གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

སྤྱི་ཚོགས་ལྷན་བཞུགས་ཀྱིས་ པདྨ་དགའ་ཚལ་དང་སྤ་རོ་རྫོང་ཁག་གཉིས་ཀྱི་ ཁྲོམ་སྡེའི་ས་ཁོངས་ངོས་འཛིན་འབད་ནིའི་དོན་ལས་ དམིགས་བསལ་གྱི་ མཉམ་འབྲེལ་ཚོགས་ཆུང་ཅིག་ བཟོ་དགོཔ་འཐོན་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༥

JointSitting-Thromdes-PGatshelandParo༉ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ རྫོང་ཁག་ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་དང་ སྤ་རོ་རྫོང་ཁག་གི་ ཡན་ལག་ཁྲོམ་སྡེ་ཚུ་ ངོས་འཛིན་འབད་ནི་གི་དོན་ལས་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ དམིགས་བསལ་གྱི་ མཉམ་འབྲེལ་ཚོགས་ཆུང་ཅིག་ བཟོ་ཡོདཔ་ཨིན།

མཉམ་འབྲེལ་ཚོགས་ཆུང་འདི་ཡང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་བར་ན་ ཞལ་འཆམ་འབྱུང་མ་ཚུགསཔ་ལས་ ད་རུང་རང་ རྫོང་ཁག་འདི་ནང་ ཁྲོམ་སྡེ་ས་སྒོ་ངོས་འཛིན་མ་འབད་བར་ མི་ལུས་ནི་གི་དོན་ལས་བཟོ་ཡོདཔ་ཨིན།

སྤྱི་ཚོགས་ལྷན་བཞུགས་ནང་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ པདྨ་དགའ་ཚལ་རྫོང་ཁག་ཚོགས་འདུ་གིས་ ཆ་འཇོགས་འབད་དེ་ཡོད་པའི་ ཁྲོམ་སྡེའི་ས་སྒོ་གི་ གྲོས་འདེབས་ཕུལ་ཡོདཔ་ཨིན།

རྫོང་ཁག་ཚོགས་འདུ་གིས་ གྲོས་འཆར་ཕུལ་མི་ནང་ལུ་ གདན་འཆི་འདི་ རྫོང་ཁག་ཁྲོམ་སྡེ་དང་ ངང་ལམ་འདི་ ཡན་ལག་ཁྲོམ་སྡེ་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་མས།

ཚོགས་ཁང་ནང་ལུ་ གསུངས་གྲོས་གནང་པའི་སྐབས་ པདྨ་དགའ་ཚལ་ལས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ག་ནི་ཡང་ ཞུ་མ་བཏུབ་ཨིན།

ཨིན་རུང་ སྤྱི་ཚོགས་ཀྱི་ འཐུས་མི་ལ་ལུ་ཅིག་གིས་ རྫོང་ཁག་འདི་ནང་ལས་ཨིན་མི་ འཐུས་མི་ཚུ་གིས་ ཞུ་བ་ཕུལ་དགོཔ་སྦེ་ ཞུ་བའི་སྐབས་ལུ་ འཐུས་མི་ཚུ་གིས་ འདས་པའི་ཚོགས་ཐེངས་ཀྱི་སྐབས་ གསུངས་གྲོས་ག་ཅི་ར་ བྱུང་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ཞུ་ཡི།

པཱན་བང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ཞུ་མི་ནང་ ལྡོག་ཕྱོགས་ཚོགས་པའི་ཧོང་ལས་ རྫོང་ཁག་ཚོགས་འདུ་གིས་ཕུལ་མི་ གྲོས་འཆར་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་རུང་ གཞུང་སྐྱོང་གི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་མ་བཏུབ་ཟེར་ཨིན་མས།

སྤྱི་ཚོགས་ཀྱི་འཐུས་མི་ལ་ལུ་ཅིག་གིས་ ངང་ལམ་དང་འཕྱདཔ་ད་ གདན་འཆི་ལུ་ སྟབས་བདེ་ཏོག་ཏོ་ཡོདཔ་ལས་ རྫོང་ཁག་ཁྲོམ་སྡེ་འདི་ གདན་འཆི་ལུ་རང་ རྒྱབ་སྐྱོར་ཡོདཔ་སྦེ་ཞུ་ནུག

དེ་དང་འབྲེལ་ཏེ་ སྤྱི་ཚོགས་ལྷན་ཞུགས་ཀྱིས་ སྤ་རོ་རྫོང་ཁག་གི་དོན་ལུ་ ཡན་ལག་ཁྲོམ་སྡེ་འདི་ཡང་ ཐག་བཅད་མ་ཚུགསཔ་ཨིན།

དེ་ཡང་ ཚོགས་རྒྱན་བཙུགས་པའི་སྐབས་ དགོས་མཁོ་ལྡན་པའི་ ཚོགས་རྒྱན་འཐོབ་མ་ཚུགསཔ་ལས་བརྟེན་ཨིན་མས།

ཚོགས་ཁང་ནང་ལུ་ འཐུས་མི་༦༤་ངོ་ཞུགས་ཡོད་ས་ལས་ འཐུས་མི་༢༨་རྐྱངམ་ཅིག་གིས་ བྱི་ཙི་ཕུག་འདི་ ཡན་ལག་ཁྲོམ་སྦེ་ ངོས་འཛིན་འབད་ནི་ལུ་ རྒྱབ་བསྐྱོར་ཡོདཔ་སྦེ་ ཚོགས་རྒྱན་བཙུགས་ནུག

གསུང་གྲོས་མཇུག་བསྡུ་བའི་སྐབས་ འཐུས་མི་མང་ཤོས་ཅིག་གི་ར་ རྒྱབ་བསྐྱོར་ཡོདཔ་སྦེ་ ལགཔ་འཐུ་བའི་ཤུལ་ལུ་ དམིགས་བསལ་གྱི་མཉམ་འབྲེལ་ཚོགས་ཆུང་གཅིག་ བཟོ་ནི་སྦེ་གྲོས་ཐག་བཅད་གནང་ཡི།

ཚོགས་ཁང་༢་ནང་ལས་་འཐུས་མི་༡༢་ཡོད་མི་ ཚོགས་ཆུང་འདི་གིས་ སྙན་ཞུ་འདི་ ད་རིས་ཕུལ་ནི་ཨིན་མས།