གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

ཀུན་དགའ་རབ་རྟེན་ལུ་ ཨང་རྒས་དང་ཚ་བོ་ བསད་དེ་ཡོད་པའི་སྐོར་ལས་ ཞིབ་དཔྱད་ཚུ་འབད་བའི་བསྒང་ར་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༥

༉ ཀྲོང་གསར་ ཀུན་དགའ་རབ་བརྟན་ལུ་ དུས་ཅི་ སྤྱི་ཟླ་༨་པའི་ནང་ ཨང་རྒས་དང་ཚ་བོ་ཅིག་སྟབས་གཅིག་ཁར་བསད་དེ་ཡོད་པའི་བྱ་ངན་ནང་ལུ་ དོགས་པ་ཡོད་མི་འདི་ ད་ལྟོའི་བར་ན་ཡང་ བདེན་དཔྱད་འབད་མ་ཚུགས་པར་འདུག

འདི་ཡང་ ཁྲིམས་སྲུང་འགག་པ་ཚུ་གིས་ དོགས་པ་ཅན་གྱི་བགོ་ལ་དང་མལ་ཆ་ཚུ་ རྒྱ་གར་ཀཱོལ་ཀ་ཀྲ་ལུ་ ཚན་རིག་ཞིབ་དཔྱད་ཀྱི་དོན་ལས་ བཏང་སྟེ་ཡོད་མི་གི་སྙན་ཞུ་འདི་ མ་ཐོབ་པར་ཡོད་མི་ལས་བརྟེན་ཏེ་ཨིན།

དོགས་པ་ཅན་འདི་གི་བགོ་ལ་དང་མལ་ཆ་ཚུ་ཡང་ བརྟག་དཔྱད་ཀྱི་དོན་ལས་ དུས་ཅི་ སྤྱི་ཟླ་༩་པའི་ནང་ལུ་ བཏང་སྟེ་སྦེ་འདུག

ད་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ ད་རེས་ཀྱི་ཟླཝ་ནང་ལུ་ དོགས་པ་ཅན་གྱི་ཁྱིམ་ནང་ལས་ ལྷམ་ཆ་གཅིག་ཐོབ་མི་འདི་ཡང་ བྱ་ངན་བྱུང་སའི་ས་སྒོ་ནང་ལུ་ཡོད་མི་རྐང་རྗེས་ཚུ་དང་ ཅོག་ར་ཐད་དོ་ཡོདཔ་སྦེ་མཐོང་ནུག

ཆུ་ཁ་ལས་འབད་མི་ སྐྱེས་ལོ་༤༣་ལང་མི་དོགས་པ་ཅན་འདི་ཡང་ སྤྱི་ཟླ་༨་པའི་སྤྱི་ཚེས་༧་གྱི་ཚེས་བཟུང་ཡོདཔ་ད་ འདི་ཡང་ བྱ་ངན་བྱུང་སྟེ་ ཉིནམ་གཉིས་ཀྱི་ཤུལ་ལས་ཨིན་མས།

དོགས་པ་ཅན་འདི་ ད་ལྟོ་ཡང་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་རང་ བཙུགས་བཞག་སྟེ་འདུག