གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ལྷ་ཁང་དཀརཔོ་གི་རྩོད་གཞི་གུར་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་གིས་ ཁྲུན་ཆོད་བཏོན་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༥

High court convicts three- Lhakhang Karpo Case ༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་གིས་ གཟའ་ལྷགཔ་གི་ཚེས་ ཧཱ་ལུ་ ལྷ་ཁང་དཀརཔོ་གི་རྩོད་གཞི་གི་ཐད་ཁར་ ཁྲུན་ཆོད་བཏོན་གནང་མི་འདི་ རྫོང་ཁག་ཁྲིམས་ཀྱི་འདུན་ས་གི་ཁྲུན་ཆོད་དང་ རྒྱབ་འགལ་སྦེ་ཐོན་ཏེ་སྦེ་འདུག

ཧཱ་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཧེ་མའི་ལས་འགུལ་འཛིན་སྐྱོང་པ་དང་ ལས་འགུལ་བཟོ་རིག་འགོ་དཔོན་ དེ་ལས་ བྱེམ་བཀྲམ་མི་ཚུ་ལུ་ ཉེས་པ་མེདཔ་སྦེ་ཁྲུན་ཆོད་བཏོན་ཏེ་ཡོདཔ་ཨིན་རུང་ ད་རེས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་གིས་ ཁོང་ཆ་ཁྱབ་ལུ་ བཙན་ཁྲིམས་ཟླཝ་ངོ་༢་ལས་ ལོ་གཅིག་གི་ཁྲུན་ཆོད་གནང་སྟེ་སྦེ་འདུག

ཆེ་མཐོ་ཁྲིམས་ཀྱི་འདུན་སའི་ཁྲིམས་ཁྲི་གཉིས་པ་གིས་ ལྷ་ཁང་དཀརཔོ་ཉམས་གསོའི་ལས་འགུལ་གྱི་ ཧེ་མའི་ལས་འགུལ་འཛིན་སྐྱོང་པ་ དབང་ཕྱུག་ཚེ་རིང་ལུ་ ཁོ་རའི་གཉེན་ཉེཝ་དང་ཁྱིམ་ཚང་ཚུ་ལུ་ འུར་ལཱ་མ་ཕོགཔ་སྦེ་བཟོ་བའི་ཉེས་པ་ལུ་ བཙན་ཁྲིམས་ལོ་གཅིག་གི་ཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་མས།

ལས་འགུལ་འཛིན་སྐྱོང་པ་འདི་གིས་ ཁྱིམ་གུང་པ་༡༢་གི་འུ་ལཱ་ཚུ་ ཡང་ཆ་འབད་ཡོདཔ་སྦེ་ཨིནམ་མ་ཚད་ ལཱ་འབད་འབདཝ་ག་ནི་ཡང་མེད་རུང་ དངུལ་ཀྲམ་སྟོང་ཕྲག་༤༤་དང་༣༣༠་དེ་ཅིག་གི་ འབྱོར་རྟགས་ཚུ་ སྤྲོད་དེ་ཡོདཔ་སྦེ་ཨིན་མས།

ཁྲིན་ཆོད་འདི་དང་འཁྲིལ་བ་ཅིན་ དབང་ཕྱུག་ཚེ་རིང་གིས་ མ་དངུལ་འདི་ཚུ་ཡང་ ཞག་གྲངས་༡༠་གི་ནང་འཁོད་ བཏབ་དགོཔ་སྦེ་འདུག

ཧཱ་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ སྤྱི་ཟླ་༦་པའི་སྤྱི་ཚེས་༢༣་ལུ་ ཁྲུན་ཆོད་བཏོན་མི་དང་འཁྲིལ་བ་ཅིན་ ལས་འགུལ་འཛིན་སྐྱོང་པ་འདི་ལུ་ མ་དངུལ་ལོག་སྤྱོད་འབད་ནི་གི་དྭངས་འདོད་ཡོད་པའི་ སྒྲུབ་བྱེད་ཅིག་བཏོན་མ་ཚུགས་མི་ལས་བརྟེན་ ཉེས་པ་མེདཔ་སྦེ་ཨིན་མས།

ད་རུང་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་གིས་ ལས་འགུལ་འདི་གི་ཧེ་མའི་ལས་འགུལ་བཟོ་རིག་འགོ་དཔོན་ བཀྲིས་རྒྱལ་མཚན་ལུ་ ཟླཝ་ངོ་བཞི་གི་བཙན་ཁྲིམས་དང་ བྱིམ་བཀྲམ་སྤེལ་འབད་མི་ ཚེ་དབང་རིན་འཛིན་ལུ་ ཟླཝ་ངོ་༢་ཀྱི་བཙན་ཁྲིམས་ཀྱི་ཁྲུན་ཆོད་བཏོན་གནང་སྟེ་སྦེ་འདུག

ཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཚེ་དབང་རིན་འཛིན་ལུ་ བཙོན་ཁྲིམས་འདི་ཡང་ ལས་འགུལ་བཟོ་རིག་འགོ་དཔོན་གྱི་རྩི་ཁྲ་ནང་ལུ་ དངུལ་ཀྲམ་འབུམ་གཅིག་བཙུགས་ནི་ནང་ ཆ་རོགས་འབད་བའི་ཉེས་པ་ལས་བརྟེན་ཏེ་ཨིན་ཟེར་བཀོད་དེ་སྦེ་འདུག

ཚེ་དབང་རིན་འཛིན་གྱིས་ དངུལ་ཀྲམ་འབུམ་གཅིགཔ་འདི་ གཞུང་གི་རྩིས་ཁྲ་ནང་ལུ་ ཞག་གྲངས་༡༠་གི་ནང་འཁོད་ བཙུགས་དགོ་ནི་ཨིན་མས།

འདི་བཟུམ་སྦེ་ ཧེ་མའི་ལས་འགུལ་བཟོ་རིག་འགོ་དཔོན་ བཀྲིས་རྒྱལ་མཚན་གྱིས་ཡང་ བྱིམ་བཀྲམ་སྤེལ་འབད་མི་ ཚེ་དབང་རིན་འཛིན་ལས་ཐོབ་པའི་མ་དངུལ་འབུམ་གཅིག་གུར་ ལོ་བསྟར་བཞིན་ ཉེས་ཆད་བརྒྱ་ཆ་༢༤་རེ་བཀལཝ་ད་ དངུལ་ཀྲམ་སྟོང་ཕྲག་༧༦་ བཏབ་དགོ་ནི་ཨིན་མས།

ཨིན་རུང་ ཁྲུན་ཆོད་འདི་ནང་ལུ་ ཁོང་ཉེས་ཁྲིམས་ཕོག་མི་ཚུ་གིས་ བཙན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་བཏབ་རུང་ བཏུབ་སྦེ་ཡོདཔ་ཨིན་མས།

ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ རྩོད་གཞི་འདི་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་ཞུ་ཡོདཔ་ད་ འདི་ཡང་ ཧཱ་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཁོང་ཆ་ཁྱབ་ལུ་ ཉེས་པ་མེདཔ་སྦེ་ ཁྲུན་ཆོད་གནང་པའི་ཤུལ་ཨིན་མས།

འདི་བཟུམ་སྦེ་ ལས་འགུལ་འདི་ནང་ལུ་ ངན་ལྷད་ཀྱི་ཉེས་འཛུགས་ཕོག་སྟེ་ཡོད་མི་ ཕྱི་འབྲེལ་བློན་པོ་བགྲེསཔ་གི་རྩོད་གཞི་འདི་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལུ་ ལྷོད་དེ་ཡོདཔ་ཨིན་མས།