གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཤ་ལས་བརྟེན་ཏེ་ ནད་གཞི་ཀེན་སཱར་འཐོབ་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༥

RedMeat-Cancer༉ འཛམ་གླིང་གསོ་བའི་ཚོགས་པའི་སྙན་ཞུ་དང་འཁྲིལ་བ་ཅིན་ མི་ཚུ་གིས་ ཤ་དམརཔོ་དང་ བཟོ་སྦྱོར་འབད་དེ་ཡོད་མི་ཤའི་རིགས་ ལེ་ཤཱ་འབད་བཟའ་བ་ཅིན་ འདི་གིས་ ཀོ་ལོ་རེག་ཀྲཱར་ ཀཱེན་སཱར་ཟེར་ རྒྱུ་མ་དང་ཨ་དོང་ནང་ལུ་ ནད་གཞི་ཀེན་སར་ཐོབ་ནི་གི་ཉེན་ཁག་སྦོམ་སྦེ་རང་ ཡོདཔ་སྦེ་ཨིན་མས།

ད་རུང་ སྙན་ཞུ་འདི་དང་འཁྲིལ་བ་ཅིན་ འོང་བབས་ཆུང་མི་དང་ བར་ན་སྐོམ་འབད་མི་རྒྱལ་ཁབ་ཚུ་ནང་ལས་ཕར་ ཤ་བཟའ་མི་འདི་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་མས།

འབྲུག་མི་ཚུ་གིས་སླབ་མི་ནང་ འབྲུག་པའི་བཞེས་སྒོ་ནང་ལུ་ ཤ་གི་རིགས་ཅིག་མེད་པ་ཅིན་ ལྡི་ལྡིམ་གྱི་གྲངས་སུ་ཚུད་ནི་མེད་ཟེར་ཨིན་མས།

ཨིན་རུང་ འཛམ་གླིང་གསོ་བ་ཚོགས་པ་དང་འཁྲིལ་བ་ཅིན་ ཉིནམ་རེ་ནང་ བཟོ་སྦྱོར་འབད་དེ་ཡོད་མི་ཤ་ ག་རམ་༥༠་དེ་ཅིག་བཟའ་བ་ཅིན་ འདི་གིས་ ནད་གཞི་ཀེན་སར་ཐོབ་ནི་གི་ཉེན་ཁག་འདི་ ཡུདཔ་ཅིག་ བརྒྱ་ཆ་༡༨་དེ་ཅིག་གིས་ ཡར་སེང་འགྱོཝ་ཨིན་ཟེར་བཀོད་དེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཉིན་བསྟར་བཞིན་ ཤ་དམརཔོ་ག་རམ་བརྒྱ་རེ་བཟའ་རུང་ ཀེན་སར་ཐོབ་ནི་གི་ཉེན་ཁག་འདི་ བརྒྱ་ཆ་༡༧་དེ་ཅིག་གིས་ ཡར་སེང་འགྱོ་འོང་ཟེར་ཨིན་མས།

ད་རུང་ སྙན་ཞུ་འདི་དང་འཁྲིལ་བ་ཅིན་ ཤ་ལེ་ཤཱ་སྦེ་བཟའ་མི་འདི་གིས་ ཀོ་ལོ་རེག་ཀྲཱར་ཀེན་སཱར་གི་མ་ཚད་པར་ གཞན་མི་ཀེན་སར་ཚུ་ཡང་ ཐོབ་ནི་གི་ཉེན་ཁག་ཡོདཔ་སྦེ་ཨིན་མས

མི་དམང་གསོ་བའི་ལས་ཁུངས་ཀྱི་མདོ་ཆེན་ དྲག་ཊར་ པཱན་གྲུབ་ཚེ་རིང་གིས་སླབ་མི་ནང་ ཕྱིའི་རྒྱལ་ཁབ་ནང་ལས་ཕར་ ཤ་ནང་ལུ་ རྫས་སྦྱོར་ཚུ་ཡོདཔ་སྦེ་ ངོས་འཛིན་འབད་དེ་འདུག་ཟེར་ཨིན་མས།

ད་རུང་ དོ་ཆེན་གྱིས་སླབ་མི་ནང་ གཞུང་འབྲེལ་གྱི་ཞིབ་འཇུག་ཅིག་ ག་ནི་ཡང་འགོ་འདྲེན་འཐབ་སྟེ་མེད་རུང་ འབྲུག་མི་ཚུ་གིས་ ཤ་སྐམ་མ་གཙོ་བར་བཟའ་མི་འདི་གིས་ཡང་ ཀེན་སར་ཐོབ་ནི་གི་ཉེན་ཁག་ཡོད་ཟེར་བཤད་ཅི།

སྟེ་ སྒོ་ནོར་ལས་ཁུངས་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ལུ་ ནཱ་ཧིང་ ཤ་ཡུདཔ་ཅིག་མེ་ཀྲིག་ཀྲཱོན་སྟོང་ཕྲག་༡༠་དང་༤༠༠་དེ་ཅིག་ ནང་འདྲེན་འཐབ་ནུག་ཟེར་ཨིན་མས།