གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

སེརཝ་ལས་བརྟེན་ཏེ་ ལོ་ཐོག་ལུ་གནོདཔ་བཀལ་མི་འདི་གིས་ མི་སེར་ཚུ་ལུ་ སྐྱིད་སྡུག་ཕོག་སྟེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༥

Nu 24M worth crops damaged by hailstorm across country ༉ རྒྱལ་ཁབ་ནང་ལུ་ ཕྲལ་ཁམས་ཅིག་ཁར་ སེརཝ་ཤུགས་སྦེ་རང་རྐྱབ་མི་འདི་གིས་ བྱཱ་དང་གེ་ཛ་ དེ་ལས་ ཚོད་བསྲེ་ཚུ་རྩིས་ཏེ་ དངུལ་ཀྲམ་ས་ཡ་༢༤་དེ་ཅིག་གནས་པའི་ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ཨིན་མས།

སེརཝ་འདི་ རྫོང་ཁག་༦་གི་ནང་ལུ་རྐྱབ་ས་ལས་ ལོ་ཐོག་ལུ་གནོད་སྐྱོན་འདི་ མཐོ་ཤོས་རང་ སྤུ་ན་ཁ་དང་ལྷུན་རྩེ་རྫོང་ཁག་ནང་ལུ་ རྐྱབ་སྟེ་ཡོདཔ་ཨིན་མས།

རྒྱལ་ཁབ་ཀྱི་གྲོང་གསེབ་ཚུ་ནང་ལས་ཕར་ རི་དྭགས་སེམས་ཅན་དང་ སེརཝ་ལ་སོགས་པའི་གནོད་སྐྱོན་ལས་བརྟེན་ཏེ་ སོ་ནམ་གྱི་ཐོན་ཤུགས་མར་ཕབ་འགྱོ་ནི་འདི་གིས་ ཞིང་ལཱ་འབད་ནི་གི་སེམས་ཤུགས་འདི་ མར་ཕབས་འགྱོ་དོ་ཡོདཔ་ཨིན་མས།

དུས་ཅི་ ལོ་ཐོ་མང་ཤོས་ཅིག་རང་ ཕྲལ་ཁམས་ཀྱི་སེརཝ་འདི་གིས་མེདཔ་བཏང་སྟེ་ཡོད་པའི་ཁར་ ས་གནས་ལ་ལུ་ཅིག་གི་ནང་ལུ་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་སྟེ་སྦེ་འདུག

སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ལུ་ དུས་ཅི་ སེརཝ་ལས་བརྟེན་ དངུལ་ཀྲམ་ས་ཡ་༢༤་དེ་ཅིག་གནས་པའི་ལོ་ཐོག་ཚུ་ མེདཔ་བཏང་སྟེ་ཡོདཔ་སྦེ་ ཐོ་བཀོད་འབད་དེ་འདུག

ཨིན་རུང་ ལྷན་ཁག་འདི་ནང་ལུ་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོད་སྐྱོན་རྐྱབ་མི་གི་སྙན་ཞུ་འདི་ མེདཔ་ཨིན་མས།

ཨིན་རུང་ སོ་ནམ་འགོ་དཔོན་ཚུ་གིས་སླབ་མི་ནང་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོདཔ་བཀལ་མི་འདི་ ཕྲལ་ཁམས་ཅིག་ཁར་ ཡར་སེང་སོང་སྟེ་ཡོད་ཟེར་བཤད་ཅི།

སོ་ནམ་དང་ནགས་ཚལ་བློན་པོ་ཡི་ཤེས་རྡོ་རྗེ་གིས་ བརྒྱུད་འཕྲིན་གི་ཐོག་ལས་ ང་བཅས་རྒྱང་བསྒྲགས་ལུ་གསུངས་མི་ནང་ དུས་ཅི་ ལོ་ཐོག་ལུ་གནོད་སྐྱོན་འདི་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ གནམ་མེད་ས་མེད་ཡར་སེང་སོང་སྟེ་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ རྒྱལ་ཁབ་ནང་ལུ་ བཟའ་འཐུང་གི་ཐད་ཁར་ རང་མགོ་རང་འདྲོང་བཟོ་ནི་གི་དམིགས་ཡུལ་ཡོད་མི་འདི་ལུ་ ཐོ་སྦོམ་སྦེ་རང་ཕོག་སྟེ་ཡོད་ཟེར་ཨིན་མས།

འབྲུག་ལུ་ ཆུམ་གི་ཐད་ཁར་ རང་མགོ་རང་འདྲོང་གི་གནས་ཚད་འདི་ བརྒྱ་ཆ་༥༠་དེ་ཅིག་གུར་ ལྷོད་དེ་ཡོདཔ་ཨིན་མས།

སོ་ནམ་ཐོན་སྐྱེད་ཡར་དྲག་བཏང་ནི་གི་དོན་ལུ་ སོ་ནམ་ལས་ཁུངས་ལུ་གོ་བཀྲམ་འབད་དེ་ཡོད་མི་ འཆར་དངུལ་ བརྒྱ་ཆ་༧༠ལྷགཔ་ཅིག་རང་ ཞིང་ཆུའི་གཡུར་བ་བཏོན་ནི་དང་ སོ་ནམ་འཕྲུས་ཆས་ཚུ་གི་ནང་ལུ་ བཏང་དོ་ཡོདཔ་སྦེ་ཨིན་མས།