གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

ཆབ་གསང་གི་མཐུན་རྐྱེན་མེད་པའི་ དཀའ་ངལ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༥

ToiletProblem-CraftBazaar༉ ཡོངས་གྲགས་ལུ་ ཀྲཕཊ་བ་ཟར་ཟེར་སླབ་མི་ ཐིམ་ཕུག་ནོར་འཛིན་ལམ་བདའ་སྟེ་ཡོད་པའི་ རང་ལུགས་ལག་བཟོའི་ཚོང་ཁང་ཚུ་གི་དོན་ལས་ ཆབ་གསང་གི་མཐུན་རྐྱེན་ མེད་མི་ལས་བརྟེན་ཏེ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་མས།

འདི་ཡང་ ཁོང་ཚོང་པ་ཚུ་གིས་ ཆབ་གསང་གཅིག་འབད་མི་ཅིག་ ཡོད་མི་འདི་ལུ་བརྟེན་ཏེ་ སྡོད་དགོ་དོ་ཡོདཔ་དང་ ཆབ་གསང་གཅིགཔོ་འདི་ཡང་ གནས་སྟངས་ལེགས་ཤོམ་ཅིག་ མ་པ་ལས་མི་འོང་དོ་ཡོདཔ་ཨིན།

རང་ལུགས་ལག་བཟོའི་ཚོང་ཁྲོམ་འདི་ སྤྱི་ལོ་༢༠༡༡ལོའི་ནང་ གཞི་བཙུགས་འབད་ཡོདཔ་དང་ འདི་ནང་ལུ་ ཚོང་ཁང་༨༠དེ་ཅིག་ཡོདཔ་ཨིན།

ཚོང་ཁང་འདི་ཚུ་ནང་ལས་ རང་ལུགས་ཀྱི་ལག་བཟོའི་རིགས་ཚུ་ཉོ་ནི་གི་དོན་ལས་ ཕྱི་ཡི་བལྟ་བཤལཔ་ཚུ་དང་ ནང་འཁོད་ལས་ མི་སེར་ཚུ་གིས་ཡང་འོང་དོ་ཡོདཔ་ཨིན་མས།

ཨིན་རུང་ ཚོང་ཁང་ཚུ་གི་དོན་ལས་ ཆབ་གསང་མེད་མི་ལས་བརྟེན་ཏེ་ ཚོང་པ་ཚུ་གིས་ ཚོང་ཁྲོམ་འདི་གི་ལྟག་ལུ་ མི་མང་གི་ཆབ་གསང་གཅིག་ཡོད་མི་འདི་ ལག་ལེན་འཐབ་དགོ་དོ་ཡོདཔ་ཨིན་མས།

ཁོང་ཚོང་པ་རེ་གིས་ མི་མང་གི་ཆབ་གསང་འདི་ ལག་ལེན་འཐབ་ནིའི་དོན་ལས་ ཟླཝ་རེ་ནང་ འཐུས་དངུལ་ཀྲམ་༡༣༠རེ་ སྤྲོད་དོ་ཡོདཔ་དང་ འདི་ཡང་ ཁོང་ཚོང་པ་ཆ་ཁྱབ་ཀྱིས་སླབ་མི་ནང་ དེ་སྦེ་འཐུས་སྤྲོད་མི་འདི་ ཆབ་གསང་ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ནི་གི་དོན་ལས་ཨིནམ་སྦེ་བཤདཔ་ཨིན་མས།

ཨིན་རུང་ ཆབ་གསང་འདི་ ལེགས་ཤོམ་ཅིག་སྦེ་ འཛིན་སྐྱོང་མ་འཐབ་ལས་ ཁོང་ཚོང་པ་ཚུ་གིས་ ཐབས་ལམ་ཅིག་བཏོན་ཡོདཔ་དང་ འདི་ཡང་ ཚོང་པ་གཅིག་གིས་ ཆབ་གསང་འཛིན་སྐྱོང་འཐབ་ནི་གི་འགན་ཁུར་འབག་སྟེ་ ཚོང་པ་ཚུ་ལུ་ ཆབ་གསང་ལག་ལེན་འཐབ་ནི་གི་དོན་ལས་ ངོས་འཛིན་ལག་ཁྱེར་རེ་ཡང་སྤྲོད་དེ་ཡོདཔ་ཨིན་མས།

དེ་སྦེ་ཐབས་ལམ་བཏོན་མི་འདི་གིས་ ཆབ་གསང་ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ནི་ལུ་ ཕན་ཐོག་བྱུང་ནི་ཨིན་རུང་ ཆབ་གསང་ས་སྒོ་གི་ཐད་ཁ་ལས་ བྱ་སྟབས་མ་བདེཝ་ ཐོན་ཏེ་ར་སྡོད་ནི་ཨིན་མས།