གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

རྒྱལ་ཁབ་ནང་ལུ་ བཟོ་བསྐྲུན་ལས་སྡེ་ཚུ་གི་བར་ན་ རྩོད་ཉོགས་ཀྱི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༥

Disputes related to construction companies increase༉ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ནང་ལུ་ རྒྱལ་ཁབ་ནང་ལུ་ཡོད་པའི་ བཟོ་བསྐྲུན་ལས་སྡེ་ཚུ་གི་བར་ན་ རྩོད་ཉོགས་དང་མ་སྒྲིག་པའི་ གནད་དོན་འདི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

དེ་ཡང་ བཀོད་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་སླབ་མི་ནང་ བཟོ་བསྐྲུན་གྱི་ལཱ་ ལེ་ཤཱ་ཡོདཔ་མ་ཚད་ དེ་ནང་ལུ་ འབྲེལ་བ་ཡོད་མི་ ཁ་འབགཔ་ཡང་ ལེ་ཤཱ་འཐོན་མི་ལས་བརྟེན་ཏེ་ཨིན་མས་ཟེར་བཤད་ཅི།

བཀོད་ཚོགས་འདི་ནང་ལུ་ ཁ་འབགཔ་སྟོང་ཕྲག་༤་དེ་ཅིག་ ཐོ་བཀོད་འབད་དེ་སྦེ་ཡོདཔ་ཨིན་མས།

སྤྱི་ལོ་༢༠༡༣་སྤྱི་ཟླ་༦་པ་ལས་ སྤྱི་ལོ་༢༠༡༤་གི་ སྤྱི་ཟླ་༦་པ་ཚུན་ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ རྩོད་ཉོགས་ཁག་༣་སེལ་ཡོདཔ་ཨིན་མས།

དེ་ལས་ ན་ཧིང་སྤྱི་ཟླ་༦་པ་ལས་ དུས་ཅི་ སྤྱི་ཟླ་༦་པ་ཚུན་ཚོད་ རྩོད་ཉོགས་འདི་༨་ ལུ་ཡར་སེང་འགྱོ་ནུག་ཨིནམ་ད་ ད་རེས་འབད་བ་ཅིན་ བཀོད་ཚོགས་འདི་གིས་ རྩོད་ཉོགས་ཁག་༢་སེལ་ཚར་ཏེ་ཡོདཔ་ཨིན་རུང་ རྩོད་ཉོགས་ ༣་འདི་ ད་ལྟོ་སེལ་བའི་བསྒང་ར་ཡོདཔ་ཨིན་མས།

ཧེ་མ་འབད་བ་ཅིན་ རྩོད་ཉོགས་ཚུ་ཡང་ བཀོད་ཚོགས་ནང་ཡོད་མི་ གནས་སྐབས་ཀྱི་ རྒྱལ་ཡོངས་འདུམ་སྒྲིག་ཚོགས་ཆུང་འདི་གིས་ སེལ་ཏེ་སྡོད་ནུག

ཨིན་རུང་ དུས་ཅི་གི་ལོ་འགོ་བཙུགས་པའི་བསྒང་ལས་ ཚོགས་ཆུང་འདི་ནང་ལུ་ འཐུས་མི་ལངསམ་སྦེ་ མེད་མི་ལུ་བརྟེན་ རྩོད་ཉོགས་ཚུ་ སེལ་མ་ཚུགས་པར་ལུས་ནུག

ད་རེས་ མི་དམངས་དང་སྒེར་གྱི་ལས་སྡེ་༡༥་གི་ནང་ལས་ བཟོ་རིག་འགོ་དཔོན་དང་ ཁྲིམས་རྩོདཔ་ཚུ་རྩིས་ཏེ་ མི་ངོམ་༣༠་གིས་ རྩོད་ཉོགས་འདུམ་སྒྲིག་འབད་ནིའི་ སྦྱོང་བརྡར་ཅིག་ནང་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན་མས།

སྦྱོང་བརྡར་འདི་ཡང་ རྒྱ་གར་གྱི་ བཟོ་བསྐྲུན་ལས་སྡེའི་ འདུམ་སྒྲིགས་ཚོགས་པ་དང་ཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལས་ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་སྦེ་ འགོ་འདྲེན་འཐབ་ཨིན་མས།

ཉིན་གྲངས་༣་གི་སྦྱོང་བརྡར་ལས་རིམ་འདི་ རྒྱལ་ས་ལུ་སྦེ་ ད་རིས་ལས་ འགོ་བཙུགས་ནུག