གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

དུས་ཅི་ ཟླཝ་༨་ཀྱི་ནང་འཁོད་ འབྲུག་ལུ་ རྒྱལ་སྤྱི་གི་བལྟ་བཤལཔ་བས་ ལུང་ཕྱོགས་ཀྱི་བལྟ་བཤལཔ་མང་སུ་འོང་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༥

Tsechu-Tourist༉ དུས་ཅི་ སྤྱི་ཟླ་དང་པ་ལས་འགོ་བཙུགས་ཏེ་ སྤྱི་ཟླ་༨པ་ཚུན་ཚོད་ཀྱི་ནང་འཁོད་ལུ་ རྒྱལ་སྤྱིའི་བལྟ་བཤལཔ་དང་འཕྱདཔ་ད་ ལུང་ཕྱོགས་ནང་འཁོད་ལས་ བལྟ་བཤལཔ་མང་སུ་ཅིག་འོང་སྟེ་སྦེ་འདུག

འདི་ཡང་ ལུང་ཕྱོགས་ནང་འཁོད་ལས་ བལྟ་བཤལཔ་སྟོང་ཕྲག་༦༦་ལྷགཔ་ཅིག་དང་ རྒྱལ་སྤྱིའི་བལྟ་བཤལཔ་འབད་བ་ཅིན་ སྟོང་ཕྲག་༣༢དེ་ཅིག་རྐྱངམ་ཅིག་འོང་ཡོདཔ་ཨིན་མས།

ལུང་ཕྱོགས་ཀྱི་བལྟ་བཤལཔ་འདི་ རྒྱ་གར་དང་བང་ལ་དེཤ་ དེ་ལས་ མཱལ་དེབསི་ལ་སོགས་པའི་ ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་ནང་ལས་ འོང་མི་བལྟ་བཤལཔ་ཚུ་ལུ་གོཝ་ཨིན།

དེ་ལས་ རྒྱལ་སྤྱི་གི་བལྟ་བཤལཔ་འདི་ ཡུ་རོབ་དང་ཨེ་མི་རི་ཀ་རྒྱལ་ཁབ་ནང་ལས་འོང་མི་ བལྟ་བཤལཔ་ཚུ་ཨིན།

འབྲུག་བལྟ་བཤལ་ཚོགས་སྡེ་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ བལ་བུ་རྒྱལ་ཁབ་ནང་ལུ་ ས་གཡོམ་གྱི་གནོད་པ་བྱུང་པའི་ཤུལ་ལས་ རྒྱལ་སྤྱིའི་བལྟ་བཤལཔ་འོང་མི་གི་གྱངས་ཁ་འདི་ མར་ཕབ་འགྱོ་ཡི་ཟེར་ཨིན་མས།

འདི་ཡང་ བལ་བུ་ལུ་ས་གཡོམ་བརྐྱབ་ཞིནམ་ལས་ མང་ཤོས་ཅིག་གི་ར་ ལུང་ཕྱོགས་ནང་འཁོད་ལུ་ འདི་བཟུམ་གྱི་རྐྱེན་འདི་ ལྕོག་ར་ཐདཔ་སྦེ་འོང་ནི་ཨིན་པའི་མནོ་བསམ་བཏང་སྟེ་ མ་འོང་པས་ཟེར་ཨིན་མས།

ད་རུང་ འགོ་དཔོན་ཚུ་གིས་སླབ་མི་ནང་ བལ་བུ་ལུ་ས་གཡོམ་བརྐྱབ་ཞིནམ་ལས་ ལུང་ཕྱོགས་ནང་འཁོད་ལས་འོང་མི་ བལྟ་བཤལཔ་གི་གྱངས་ཁ་འདི་ ཡར་སེང་འགྱོ་ཡི་ཟེར་ཨིནམ་དང་ འདི་ཡང་ མང་ཤོས་ཅིག་གི་ར་ བལ་བུ་ལུ་མ་འགྱོ་བར་ འབྲུག་ལུ་འོང་ནུག་ཟེར་ཨིན་མས།

ཨིན་རུང་ དུས་ཅི་ ཐིམ་ཕུག་ཚེས་བཅུའི་བསྒང་ བལྟ་བཤལཔ་འོང་མི་གི་གྱངས་ཁ་འདི་ གནམ་མེད་ས་མེད་ མར་ཕབ་འགྱོ་སྟེ་ཡོདཔ་དང་ འདི་ཡང་ ན་ཧིང་ཚེས་བཅུའི་བསྒང་ བལྟ་བཤལཔ་སྟོང་ཕྲག་༥་ལྷགཔ་ཅིག་འོང་ས་ལས་ དུས་ཅི་ བལྟ་བཤལཔ་སྟོང་ཕྲག་༣ལྷགཔ་ཅིག་རྐྱངམ་ཅིག་གིས་ འོང་ནི་སྦེ་ ཟ་ཁང་ཚུ་མཁོ་བསྔགས་འབད་ཡོདཔ་ཨིན་མས།

འབྲུག་བལྟ་བཤལ་ཚོགས་སྡེ་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ དུས་ཅི་ ཐིམ་ཕུག་ཚེས་བཅུ་འདི་ སྤྱི་ཟླ་༩པའི་ནང་ཕོགཔ་ལས་ བལྟ་བཤལཔ་འོང་མི་གི་གྱངས་ཁ་འདི་ མར་ཕབ་འགྱོ་འགྱོཝ་འོང་ཟེར་ཨིནམ་དང་ ན་ཧིང་བཟུམ་ཅིག་འབད་བ་ཅིན་ ཐིམ་ཕུག་ཚེས་བཅུ་འདི་ བལྟ་བཤལཔ་ཚུ་འོང་པའི་དུས་ཚོད་ སྤྱི་ཟླ་བཅུ་པའི་ནང་ཕོག་ཅི་ཟེར་ཨིན་མས།

འབྲུག་བལྟ་བཤལ་ཚོགས་སྡེ་གིས་ འཛམ་གླིང་བལྟ་བཤལ་གྱི་ཉིནམ་འདི་ བརྩི་སྲུང་འབད་ནི་གི་དོན་ལས་ ཐིམ་ཕུག་ལུ་སྦེ་ རིས་མོ་འབྲི་ནི་གི་ འགྲན་བསྡུར་ཅིག་ཡང་ འགོ་འདྲེན་འཐབ་ཅི།

བལྟ་བཤལཔ་ས་ཡ་སྟོང་ཕྲག་སྦེ་འོང་མི་དང་འབྲེལ་ཏེ་ གོ་སྐབས་ཡང་ས་ཡ་སྟོང་ཕྲག་སྦེ་ཐོན་འོང་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་ཡོད་མི་ ལས་རིམ་འདི་ནང་ལུ་ སློབ་ཕྲུག་༣༠དེ་ཅིག་གིས་བཅའ་མར་གཏོགས་ནུག