གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་དམིགས་དོན་གྱི་ གྲོས་གཞི་ཆ་འཇོག་ཞལ་འཛོམས་ནང་ལུ་ གྲལ་ཁར་གཏོགས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༦ ༢༠༡༥


༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ སྤྱི་ལོ་༢༠༣༠་གི་ ཡུན་བརྟན་གོང་འཕེལ་གྱི་གྲོས་གཞི་ནང་ལུ་ ཚུད་དེ་ཡོད་པའི་ དམིགས་ཡུལ་དང་ གཞི་རྩ་འདི་ཚུ་ འབྲུག་གོང་འཕེལ་གྱི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ ཆ་འདྲ་སུ་སྦེ་འདུག་ཟེར་ཨིན་མས།

དེ་ཡང་ ཁ་ཙ་ནིའུ་ཡོཀ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་ དམིགས་དོན་གྱི་ གྲོས་གཞི་ཆ་འཇོག་གི་ ཞལ་འཛོམས་ནང་ལུ་གསུང་ཡོདཔ་ཨིན།

བློན་ཆེན་གྱིས་གསུང་མི་ནང་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ཅིག་ཨིན་རུང་ མི་ཚུ་ལུ་ གསོ་བ་དང་ཤེས་རིག་ཚུ་ རིན་མེད་སྟོངམ་སྦེ་ བྱིན་ཏེ་ཡོད་ཟེར་ཨིན་མས།

དེ་འབདཝ་ལས་ རྒྱལ་ཁབ་ནང་ལུ་ གོང་འཕེལ་གྱི་ལས་རིམ་ ག་ཅི་ར་འབད་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཞི་བཞག་དོ་ཟེར་ཨིན་མས།

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ འབྲུག་གཞུང་གི་ཁ་ཐུག་ལས་ ད་ལྟོ་ལས་ར་ གོང་འཕེལ་གྱི་འཆར་གཞི་ཚུ་ནང་ལུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་དོན་ཚུ་ཡང་ གཅིག་སྒྲིལ་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་མས།

ཡུན་བརྟན་གོང་འཕེལ་གྱི་ དམིགས་དོན་ཚུ་གྲུབ་ཐབས་ལུ་ འཛམ་གླིང་སྤྱི་ཚོགས་འདི་ ལེགས་བསྒྱུར་འབད་དགོཔ་འདུག་ཟེར་ཨིན་མས།

བློན་ཆེན་གྱི་གསུང་མི་ནང་ འདས་པའི་ལོ་༧༠་གི་རིང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཕྱག་ལེགས་ཤོམ་སྦེ་ཞུ་སྟེ་སྡོད་ནུག་ཟེར་ཨིནམ་ད་ ད་ལས་ཕར་ ལོ་༧༠་གི་རིང་ ཕྱག་ཞུ་ཚུགས་ནིའི་དོན་ལས་ ལཱ་འབད་དགོཔ་ལེ་ཤཱ་ར་འདུག་ཟེར་གསུངས་ཡི།

དེ་ལས་ རྒྱ་གར་དང་ ཇཱ་པཱན་ དེ་ལས་བཧྲ་ཟིལ་ ལ་སོགས་པའི་རྒྱལ་ཁབ་ཚུ་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ གཏན་འཇགས་འཐུས་མི་སྦེ་ ཕྱག་ཞུ་བཅུག་དགོཔ་ འདུག་ཟེར་ཨིནམ་མ་ཚད་ཨེཕ་རི་ཀ་ གི་ཁ་ཐུག་ལས་ འོས་བབས་དང་ལྡན་ཏོག་ཏོ་སྦེ་ ངོ་ཚབ་འབད་དགོཔ་འདུག་ཟེར་གསུང་ཡི།

བློན་ཆེན་གྱིས་གསུང་མི་ནང་ འཛམ་གླིང་སྤྱི་ཚོགས་འདི་ ལེགས་བསྒྱུར་འབད་མ་ཚུགས་པ་ཅིན་ འབྲུག་རྒྱལ་ཁབ་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་དང་ཉེན་ཁ་ཅན་ཚུ་ལུ་ དཀའ་སྡུག་མྱོང་དགོཔ་ འཐོན་ནི་མས་ཟེར་ཨིན་མས།