གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

གླ་འཁོར་བཏང་མི་ཚུ་གིས་ གླ་ཆ་ཐེབ་ལེན་དོ་ཡོད་པའི་ཉོགས་བཤད་བཀོད་དོ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༥

 

Taxi-

༉ ཐིམ་ཕུག་ལུ་ གླ་འཁོར་ནང་ལུ་བརྒྱུན་འགྲུལ་འཐབ་མི་ཚུ་གིས་སླབ་མི་ནང་ གླ་འཁོར་བཏང་མི་ཚུ་གིས་ གླ་ཆ་འདི་ དབང་འཛིན་གྱི་ཡར་སེང་འབད་དེ་ཡོད་མི་ལས་ཡང་ལྷག་སྟེ་ལེན་མས་ཟེར་ཨིན་མས།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གླ་འཁོར་གྱི་གླ་ཆ་འདི་ འདས་པའི་ཟླཝ་ནང་ལས་ཡར་སེང་འབད་དེ་ཡོདཔ་ད་ འདི་ཡང་ ས་གནས་ནང་འཁོད་ལུ་ ཧེ་མ་ཀི་ལོ་མི་ཀྲར་རེ་ལུ་ དངུལ་ཀྲམ༡༥་འབད་ས་ལས་ ༡༨་ལུ་ཡར་སེང་འབད་དེ་འདུག

འདི་འབདཝ་ལས་ ས་གནས་ནང་འཁོད་ལུ་ གླ་འཁོར་ནང་བརྒྱུན་འགྲུལ་འཐབ་དགོ་པ་ཅིན་ འགྲུལ་པ་ག་དེ་ཅིག་རང་ཡོད་རུང་ གླ་ཆ་ཡར་སེང་འདི་ ཀི་ལོ་མི་ཀྲར་རེ་ལུ་ དངུལ་ཀྲམ་༡༨་རེ་འོང་དགོཔ་ཨིན་མས།

འདི་བཟུམ་སྦེ་ ལམ་ཐག་རིང་ས་ལུ་ ཧེ་མ་ཀི་ལོ་མི་ཀྲར་རེ་ལུ་ དངུལ་ཀྲམ་༡༥་ཨིན་རུང་ ད་རེས་དངུལ་ཀྲམ་༡་ཡར་སེང་འབད་དེ་ཡོདཔ་ལས་ དངུལ་ཀྲམ་༡༦་གུ་ལྷོད་དེ་འདུག

ཨིན་རུང་ མི་ཚུ་གིས་སླབ་མི་ནང་ གླ་འཁོར་བཏང་མི་ཚུ་གིས་ གླ་ཆ་ཡར་སེང་འབད་དེ་ཡོད་མི་གུ་མ་གནས་པར་ མཐོ་དྲག་སྦེ་རང་ལེན་མས་ཟེར་བཤད་ཅི།

འདི་ཡང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་གླ་ཆ་བཟོ་སྟཻ་ཡོད་མི་དང་འཁྲིལ་བ་ཅིན་ ཐིམ་ཕུག་ཁྲོམ་ཁ་ལས་ བདེ་ཆེན་ཆོས་གླིང་ཚུན་ མི་རེ་ལུ་ གླ་ཆ་དངུལ་ཀྲམ་༣༠་ལས་བརྒལ་མི་ཕོག་ནི་ཨིན་རུང་ གླ་འཁོར་བཏང་མི་ཚུ་གིས་ གླ ཆ་དངུལ་ཀྲམ་༤༠་དེ་རེ་ལེན་མས་ཟེར་ཨིན་མས།

འདི་ལུ་ གླ་འཁོར་ཚོགས་པའི་ཁྲི་འཛིན་ རྡོ་རྗེ་དབང་ཕྱུག་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ གླ་ཆ་འདི་ཡང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གླ་ཆ་གི་ཐོ་ཅིག་འབྱིན་ཏེ་ཡོད་མི་དང་འཁྲིལ་ཏེ་རང་ལེན་དོ་ཟེར་ཨིན་མས།

ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་སྐྱེལ་འདྲེན་འགོ་དཔོན་ ཀརྨ་སྤེན་པ་གིས་སླབ་མི་ནང་ དབང་འཛིན་གྱི་ཁ་ཐུག་ལས་ གླ་འཁོར་བཏང་མི་ཚུ་ལུ་ གླ་ཆ་ཡར་སེང་འབད་ཡོད་པའི་ཐོ་འདི་ མ་སྤྲོད་ཟེར་ཨིན་མས།

འདི་འབདཝ་ལས་ གླ་འཁོར་གྱི་གླ་ཆ་ཡར་སེང་འབད་དེ་ཡོད་མི་གི་སྐོར་ལས་ མི་དམངས་ཀྱིས་ ཤེས་དགོ་པ་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ཡོངས་འབྲེལ་འཆར་སྒོ་ནང་ལས་ ཐོབ་ཚུགས་ཟེར་བཤད་ཅི།

ཨིན་རུང་ གླ་ཆ་དེ་སྦེ་ཐེབ་ལེན་མི་ཐོན་པ་ཅིན་ མི་ཚུ་གིས་ དབང་འཛིན་ལུ་ གླ་འཁོར་གྱི་ཨང་གྲངས་འདི་བྲིས་བཞིན་ན་ ཉོགས་བཤད་བཀོད་དགོ་ཟེར་ཨིན་མས།