གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

མེ་རག་ལུ་ དར་ཚིལ་གསེརཔོ་བཏོན་ནི་འགོ་བཙུགས་ཏེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥

 

Merak-Cheese

༉ སྒོ་ནོར་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཐོག་ལས་ བཀྲིས་སྒང་རྫོང་ཁག་ མེ་རག་རྒེད་འོག་ནང་ལུ་ཡོད་པའི་ ཨོམ་ཚོགས་པ་གིས་ ལ་ནོར་གྱི་ཨོམ་ལས་སྦེ་ ནི་དར་ལེནསི་རྒྱལ་ཁབ་ནང་ལུ་ ཐོབ་སྲོལ་ཡོད་མི་ དར་ཚིལ་གསེརཔ་འབད་མི་ གའུ་ཌ་ཅིས་ཟེར་མི་འདི་ བཟོ་ཚུགས་ཏེ་སྦེ་འདུག

ཨོམ་ཚོགས་པ་འདི་གིས་ དར་ཚིལ་འདི་ཡང་ མི་སེར་ཚུ་ལས་ཨོམ་ཉོ་བཞིན་ན་ དར་ཚིལ་གསེརཔོ་འདི་ བཟོཝ་ཨིན་མས།

ཚོགས་པ་འདི་ཡང་ སྤྱི་ལོ་༢༠༡༢ལས་ འོས་འབབ་ཀྱི་བརྟག་དཔྱད་ཚུ་འབད་བའི་ཤུལ་ སྤྱི་ལོ་༢༠༡༣ལུ་ གཞི་བཙུགས་འབད་ནུག

མེ་རག་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་ལས་རོགསཔ་ ལྷ་དཀྲུ་གིས་སླབ་མི་ནང་ འདི་བཟུམ་གྱི་ཚོགས་པ་ གཞི་བཙུགས་འབད་དགོ་མི་འདི་ཡང་ སྒོ་ནོར་གྱི་འཐོན་སྐྱེད་ཚུ་ ཡར་དྲག་བཏང་ནི་གི་དོན་ལས་དང་ མི་སེར་ཚུ་གིས་ དར་ཚིལ་ཚུ་ གསརཔ་བཏོན་ཚུགས་ནི་ལུ་ དམིགས་ཏེ་སྦེ་གཞི་བཙུགས་འབད་དེ་ཡོད་ཟེར་བཤད་ཅི།

ཨོམ་ཚོགས་པ་འདི་ཡང་ ན་ཧིང་ཚུན་ཚོད་ཀྱི་བར་ན་ སྒོ་ནོར་ལས་ཁུངས་ཀྱིས་ རྒྱུན་སྐྱོང་འཐབ་སྟེ་ འཐུས་མི་ཚུ་ལུ་ སྦྱོང་བརྡར་ཚུ་བྱིན་ནུག

ན་ཧིང་ ཚོགས་པ་འདི་གིས་ གའུ་ཌ་ཅིས་ཟེར་མི་དར་ཚིལ་གསེརཔོ་ ཀེ་ཇི་༢༠༠་ལྷགཔ་ཅིག་ བཟོ་ཚུགས་ཏེ་སྦེ་འདུག

ཚོགས་པའི་ཁྲི་འཛིན་ ཚེ་རིང་དབང་འདུས་ཀྱིས་སླབ་མི་ནང་ ན་ཧིང་ དར་ཚིལ་ལས་བརྟེན་ཏེ་ ཁེ་སང་ དངུལ་ཀྲམ་ འབུམ་༡་དང་སྟོང་ཕྲག་༣༠དེ་ཅིག་བཟོ་ཏེ་ཡོད་མི་འདི་ ཚོགས་པའི་གཏན་རྩ་མ་དངུལ་སྦེ་ བཞག་སྟེ་ཡོད་ཟེར་བཤད་ཅི།

དུས་ཅི་ལས་ དར་ཚིལ་བཟོ་ནི་གི་ལཱ་འདི་ ཚོགས་པ་འདི་ནང་ལས་ འཐུས་མི་གཉིས་ཀྱིས་ རྩིས་ལེན་ཏེ་ཡོདཔ་ཨིན་རུང་ སྒོ་ནོར་ལས་ཁུངས་ཀྱི་ཁ་ཐུག་ལས་ དགོ་མཁོ་བའི་ རྒྱབ་སྐྱོར་ཚུ་འབད་དེ་ར་བཞག་ནི་ཨིན་མས།

དར་ཚིལ་འདི་ཡང་ རྒྱལ་ཁབ་ནང་ལུ་ཡོད་པའི་ བལྟ་བཤལཔ་གི་མགྲོན་ཁྱིམ་དང་ ཟ་ཁང་ཚུ་ནང་ལས་ མཁོ་བསྔགས་འབད་མི་ ལེ་ཤ་ཐོན་དོ་ཡོདཔ་ཨིན་མས།