གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

ཕོ་རྒས་༦་གིས་ ཚོང་པ་གཅིག་གི་རྩི་ཁྲ་ནང་ལས་ ས་ཡིག་བརྫུས་མ་བཟོ་སྟེ་དངུལ་བཏོན་ཡོད་པའི་ཉེས་འཛུགས་ཀྱི་རྩོད་གཞི་ཕྱེ་བསྒང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥

PNB༉ ཚོང་འབྲེལ་གྱི་ལཱ་འབད་མི་ ཕོ་རྒས་གཅིག་གི་ ས་ཡིག་རྫུན་མ་བརྐྱབ་ཏེ་ དངུལ་ཁང་ནང་ལས་ དངུལ་བཏོན་ནི་གི་ དཔའ་བཅམ་མི་གི་ ཉེས་འཛུགས་ཕོག་མི་ ཕོ་རྒས་༦གི་བརྩོད་གཞི་འདི་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལུ་་ཕྱེ་དོ་ཡོདཔ་ཨིན་མས།

འདི་ཡང་ ཁོང་ཉེས་འཛུགས་ཅན་ཚུ་གིས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ཡོད་པའི་ འབྲུག་རྒྱལ་ཡོངས་པཱན་ཇབ་དངུལ་ཁང་ནང་ལས་ ཚོང་ལཱ་འབད་མི་ ཕོ་རྒས་གཅིག་གི་ ས་ཡིག་རྫུན་མ་བརྐྱབ་ཏེ་ དངུལ་ཀྲམ་ས་ཡ་༥དང་ འབུམ་གཉིས་བཏོན་ནི་གི་ དཔའ་བཅམ་ཡོདཔ་དང་ བརྩོད་གཞི་འདི་ ཁྲིམས་སྲུང་འགག་པ་གིས་ དུས་ཅི་སྤྱི་ཟླ་༧པའི་ སྤྱི་ཚེས་༡༦ལུ་ བརྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་རྩིས་སྤྲོད་ནུག

དངུལ་ཀྲམ་ས་ཡ་༥དང་འབུམ་༢ལས་ ས་ཡ་༤དང་འབུམ་༥༠འདི་ བཏོན་ཚར་ཏེ་ཡོདཔ་ཨིན་རུང་ དངུལ་ཀྲམ་འབུམ་༧འདི་ བཏོན་ནི་གི་ དཔའ་བཅམ་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་བཀོད་མི་ནང་ ཉེས་འཛུགས་ཅན་༦གི་གྲལ་ལས་༤གིས་ ཕུན་ཚོགས་གླིང་ལུ་ཡོད་པའི་ འབྲུག་རྒྱལ་ཡོངས་པཱན་ཇབ་དངུལ་ཁང་ནང་ལས་ དངུལ་བཏོན་ཡོདཔ་དང་ ད་རུང་ ཁོང་༤གི་གྲལ་ལས་༢་གིས་ ཐིམ་ཕུག་ འབྲུག་རྒྱལ་ཡོངས་པཱན་ཇབ་དངུལ་ཁང་ནང་ལས་ དངུལ་ཀྲམ་ས་ཡ་༡བཏོན་ཡོདཔ་ཨིན་མས།

དེ་ལས་ ཁོང་༦གི་གྲལ་ལས་ གཞན་མི་གཉིས་ཀྱིས་ དངུལ་གྱི་ཤོག་འཛིན་སྤྲོད་ནི་དང་ དངུལ་བཏོན་ནི་གི་ནང་ལུ་ རྒྱབ་སྐྱོར་འབད་ཡོད་པའི་ ཉེས་འཛུགས་ཕོག་སྟེ་ཡོདཔ་ཨིན།

དངུལ་གྱི་རྩིས་ཁྲ་འཆང་མི་ ཉམས་རྒུདཔ་འདི་གིས་སླབ་མི་ནང་ ཕུན་ཚོགས་གླིང་ལུ་ དངུལ་ཀྲམ་འབུམ་༧བཏོན་ནི་སྦེ་ འོང་པའི་སྐབས་ལུ་ དངུལ་ཁང་ནང་ལས་ དངུལ་གྱི་ཤོག་འཛིན་འདི་ གཏན་གཏན་ར་ ཁོ་གི་ཨིན་ན་ བལྟ་ནི་གི་དོན་ལས་ སྤཡི་ཟླ་༤པའི་ནང་ བརྒྱུད་འཕྲིན་བཏང་དེས་ཟེར་ཨིན་མས།

ཨིན་རུང་ ཉམས་རྒུདཔ་འདི་གི་ རྩིས་ཁྲ་ནང་ལས་ ཁྲིམས་འགལ་གྱི་ཐོག་ལས་ དངུལ་བཏོན་ནི་གི་ལཱ་ཚུ་ག་ར་ སྤྱི་ཟླ་༣པའི་ནང་ལས་ར་ འབད་ཚར་ཏེ་ཡོདཔ་ཨིན་མས།

དེ་ལས་ ཉམས་རྒུདཔ་འདི་གིས་ ཁོ་གི་རྩིས་ཁྲ་ནང་ལས་ ཁྲིམས་གྱི་ཐོག་ལས་ དངུལ་བཏོན་མི་འདི་ བཀག་ནི་གི་དོན་ལས་ དངུལ་ཁང་ནང་ཡིག་གུ་བཏང་ཡོདཔ་ཨིན་རུང་ ཡིག་གུ་བཏང་པའི་ཤུལ་མ་ཡང་ ཐིམ་ཕུག་ འབྲུག་རྒྱལ་ཡོངས་པཱན་ཇབ་དངུལ་ཁང་ལས་ཡང་ ཁོ་གི་རྩིས་ཁྲ་ནང་ལས་ དངུལ་ཀྲམ་ས་ཡ་༡ ཁྲིམས་འགལ་གྱི་ཐོག་ལས་ བཏོན་འབག་ཡོདཔ་ཨིན་མས།

ཨིན་རུང་ དངུལ་ཁང་ནང་ལུ་ ཡིག་གུ་ཐོབ་པའི་ཤུལ་ལས་ ཁྲིམས་འགལ་གྱི་ཐོག་ལས་བཏོན་འབག་མི་དངུལ་འདི་ དངུལ་ཁང་གིས་ལོག་སྤྲོད་དེ་ཡོདཔ་ཨིན་མས།

ཉམས་རྒུདཔ་འདི་གིས་སླབ་མི་ནང་ དངུལ་བཏོན་པའི་སྐབས་ལུ་ ས་ཡིག་བརྐྱབ་མི་འདི་ རྩིས་ཁྲ་གི་ས་ཡིག་ངོ་མ་དང་ མ་འདྲ་སྟེ་འབད་རུང་ དངུལ་ཁང་གིས་ དངུལ་འདི་ སྤྲོད་ད་ནུག་ཟེར་ཨིན་མས།

ས་ཡིག་རྫུན་མ་འདི་ཡང་ དངུལ་གྱི་ཤོག་འཛིན་ ༦གི་ནང་ལུ་ བརྐྱབ་ཡོདཔ་ཨིན་མས།

འབྲུག་རྒྱལ་ཡོངས་པཱན་ཇབ་དངུལ་ཁང་གིས་བཀོད་མི་ནང་ དངུལ་ཁང་གི་ ཞབས་ཏོག་སྤྱོད་མི་ཚུ་ལུ་ དངུལ་གི་ཤོག་འཛིན་ཀི་དེབ་འདི་ སྤྲོད་ཞིནམ་ལས་ འདི་ བདག་འཛིན་འཐབ་ནི་གི་འགན་ཁུར་འདི་ ཧྲིལ་བུ་སྦེ་ར་ ཁོང་ར་ལུ་ཕོག་འོང་ཟེར་ཨིན་མས།

ད་རེས་ རྩོད་གཞི་འདི་ ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་མ་བཏོན་ཚུན་ཚོད་ ག་ནི་ཡང་སླབ་མི་ཤེས་པས་ཟེར་ འབྲུག་རྒྱལ་ཡོངས་པཱན་ཇབ་དངུལ་ཁང་གི་ཁ་ཐུག་ལས་ ག་ནི་ཡང་སླབ་མ་བཏུབ་ཨིན།