གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

རྒྱལ་ཁབ་ནང་གཅན་གཟན་སྟག་གི་གྱངས་ཁ་ཡར་སེང་འགྱོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༥

Number of tigers increases in Bhutan༉ ད་རེས་འགོ་དང་པ་ འབྲུག་མི་སྡེ་ཚན་གཅིག་གིས་ གཅན་གཟན་སྟག་གི་ ཞིབ་འཚོལ་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ རྒྱལ་ཁབ་ནང་ གཅན་གཟན་སྟག་གི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་མཐོང་ནུག

ཞིབ་འཚོལ་སྙན་ཞུ་འདི་ཡང་ ཁ་ཙ་ རྒྱལ་ས་ཐིམ་ཕུག་ལུ་སྦེ་ འཛམ་གླིང་སྟག་གི་ཉིནམ་འདི་ བརྩི་སྲུང་འབད་མི་དང་འབྲེལ་ཏེ་ གསལ་བཏོན་འབད་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ལུ་ ད་རེས་ཡང་ གཅན་གཟན་སྟག་ཚུ་ ཁྱམ་ཏེ་ར་ཡོདཔ་སྦེ་ མཐོང་ཚུགས་མི་ རྒྱལ་ཁབ་༡༣གི་གྲལ་ལས་གཅིག་ཨིན།

སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༤སྤྱི་ཟླ་༣པའི་ནང་ལས་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༥སྤྱི་ཟླ་༣པ་ཚུན་ཚོད་གྱི་བར་ན་ རྒྱལ་ཁབ་ནང་ལུ་ གཅན་གཟན་སྟག་གི་གྱངས་ཁ་ ག་དེ་ཅིག་ཡོདཔ་ཨིན་ན་ བལྟ་ནི་གི་དོན་ལས་ ཞིབ་འཚོལ་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན།

ཞིབ་འཚོལ་གྱི་སྐབས་ལུ་ ས་ཁོངས་སྟོང་ཕྲག་གཅིག་དང་ ༡༢༩དེ་ཅིག་ནང་ལུ་ པར་ཆས་ཚུ་བཙུགས་ཏེ་ཡོདཔ་དང་ འདི་བསྒང་ རྒྱལ་ཁབ་ནང་ལུ་ ཧེ་མ་ གཅན་གཟན་སྟག་༧༥དེ་ཅིག་ཡོདཔ་སྦེ་ ཚད་རྩིས་བཏོན་ཡོད་ས་ལས་ ད་རེས་ ༡༠༣དེ་ཅིག་ཡོདཔ་སྦེ་མཐོང་ནུག

ཉིནམ་བརྩི་སྲུང་འདི་ཁར་ལུ་ བློན་ཆེན་གྱིས་གསུང་མི་ནང་ འབྲུག་རྒྱལ་ཁབ་བཟུམ་གྱི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ལུ་ གཅན་གཟན་སྟག་གི་གྱངས་ཁ་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་མཐོང་མི་འདི་ གྲུབ་འབྲས་སྦོམ་ཅིག་ཨིན་ཟེར་གསུང་ཡི།

ད་རུང་ ཉིནམ་བརྩི་སྲུང་དང་འབྲེལ་ཏེ་ བློན་ཆེན་གྱིས་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་ འབྲུག་ནགས་ཚལ་དང་རི་དྭགས་ཀྱི་གནད་བསྡུད་འདི་ འགོ་འབྱེད་མཛད་གནང་ནུག

གནད་བསྡུད་འདི་ཡང་ རྒྱལ་ཁབ་ནང་ལུ་ ཁྲིམས་འགལ་གྱི་ཐོག་ལས་ རི་དྭགས་སེམས་ཅན་དང་འབྲེལ་བའི་ ཚོང་འབྲེལ་ཚུ་འཐབ་ས་མཐོང་པ་ཅིན་ སྙན་ཞུ་འབད་ནི་གི་ ཡོངས་འབྲེལ་གྱི་ཞུ་ཡིག་ལམ་ལུགས་ཅིག་ཨིན་མས།