ཏག་ལའི་ཞིང་ཆུ་འདི་གི་ མི་སེར་ལུ་ཕན་ཐོག་མེདཔ་ཨིན། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

ཏག་ལའི་ཞིང་ཆུ་འདི་གི་ མི་སེར་ལུ་ཕན་ཐོག་མེདཔ་ཨིན།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༥

Taklai irrigation-Not Operational༉ གསར་སྤང་རྫོང་ཁག་ ཆུ་ཟངས་སྒང་དང་ གསེར་གཞོང་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་ ཞིང་ཆུ་མེད་པར་ བདུན་ཕྲག་གསུམ་དེ་ཅིག་ལང་སྟེ་ཡོདཔ་ལས་ ལྕང་ལཱ་ཚུ་ དུས་ཚོད་ཁར་ ག་དེ་སྦེ་རྐྱབ་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་སྦེ་འདུག

འདི་ཡང་ ཏག་ལའི་ཞིང་ཆུའི་རྐ་ཁ་ལུ་ གཡུར་བ་ཚུ་ག་ར་ རྡོ་དང་བྱེམ་ལ་སོགས་པ་ཚུ་གིས་ གསུབ་སྟེ་ཡོད་མི་ལས་བརྟེན་ཏེ་ཨིན་མས།

སྟེ་ རྒེད་འོག་འདི་གཉིས་ཀྱི་ མི་སེར་ཚུ་གིས་ ཞིང་ཆུ་འདི་ ཏག་ལའི་ཞིང་ཆུ་གི་ གཡུར་བ་ལུ་བརྟེན་དོ་ཡོདཔ་ཨིན།

ཏག་ལའི་ཞིང་ཆུ་གཡུར་བ་འདི་ རྒྱལ་ཁབ་ནང་ལུ་ གཡུར་བ་སྦོམ་ཤོས་ཅིག་ཨིནམ་ད་ ཞིང་ཆུ་བཏོན་ནི་གི་ལས་འགུལ་འདི་ཡང་ དུས་ཅི་སྤྱི་ཟླ་༤་པའི་ནང་ལུ་ མཇུག་བསྡུ་སྟེ་སྦེ་འདུག

འདི་བསྒང་ ས་གནས་ཀྱི་མི་སེར་ཚུ་གིས་ ཞིང་ཆུ་འདི་ལས་བརྟེན་ཏེ་ ད་ལས་ཕར་ གནམ་བྱཱར་དགུན་མེད་པར་ ལོ་རེ་ནང་ལུ་ ལྕང་ལཱ་ཚར་གཉིས་དེ་རེ་ཡང་ བརྐྱབ་ཚུགས་པའི་རེ་བ་བསྐྱེད་ནུག

ཨིན་རུང་ ད་རེས་ ཞིང་ཆུའི་གཡུར་བ་འདི་འགོ་འབྱེད་འབད་དེ་ ད་ལྟོ་ཟླ་ངོ་གཉིས་དེ་ཅིག་ལས་བརྒལ་མ་ལང་རུང་ ཆུའི་རྐ་ཁར་ གཡུར་བ་བསུབ་སྟེ་ཡོདཔ་ལས་ ཞིང་ཆུ་མེད་པར་འདུག

འདི་འབདཝ་ལས་ རྒེད་འོག་གི་ས་གནས་ལ་ལུ་ཅིག་ནང་ ལྕང་ལཱ་ཕྱིས་ཏེ་ཡོདཔ་མ་ཚད་ ལ་ལུ་ཅིག་གི་ནང་ལུ་ ཞིང་ཆུ་འདི་འཕྲལ་མགྱོགས་རང་ བཏོན་མ་ཚུགས་པ་ཅིན་ ལྕང་ལཱ་འདི་ཕྱི་ནི་མས་ཟེར་ ཚ་གྱངས་ལང་སྟེ་སྦེ་འདུག

རྒེད་འོག་འདི་ནང་གི་ མི་སེར་ཚུ་གི་སླབ་མི་ནང་ ལྕང་ལཱ་དེ་འབད་མ་ཚུགས་པ་ཅིན་ སྟབས་མ་བདེཝ་འཐོན་ནི་ཨིནམ་ལས གཞུང་གིས་ འཕྲལ་མགྱོགས་རང་སེལ་གནང་བའི་རེ་བ་ཡོད་ཟེར་ཨིན་མས།

སྟེ་ གསར་སྤང་རྫོང་ཁག་བདག་སྐྱོང་དང་འཁྲིལ་བ་ཅིན་ དཀའ་ངལ་ག་ཅི་བཟུམ་རང་ཐོན་རུང་ འདི་ཚུ་ ཁག་འབགཔ་འདི་གིས་རང་བལྟ་དགོ་ཟེར་ཨིན་མས།

འདི་འབདཝ་ལས་ རྫོང་ཁག་གིས་ ཞིང་ཆུའི་ལས་འགུལ་འགོ་འདྲེན་འཐབ་མི་ ཁག་འབགཔ་འདི་ལུ་སྙན་ཞུ་འབད་དེ་ཡོདཔ་ལས་ མགྱོགས་པ་རང་ འོང་ནི་སྦེ་སླབ་སྟེ་ཡོད་ཟེར་བཤད་ཅི།

སྟེ་ ཏག་ལའི་ཞིང་ཆུ་གི་ལས་འགུལ་འདི་ཡང་ ཇཱ་པན་ལས་ དྲི་ཨེན་སི་ཟེར་མི་ ཁག་འབག་ལས་སྡེ་གིས་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།