གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

མི་དབང་མངའ་ཞབས་མཆོག་དང་མི་དབང་རྒྱལ་བཙུན་མཆོག་མེ་རག་དང་སག་སྟེང་ལས་ལོག་བྱོན་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༥

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ བཀྲིས་སྒང་གི་ས་གནས་ མེ་རག་དང་སག་སྟེང་ལུ་ བདུན་ཕྲག་གཅིག་དེ་ཅིག་གི་རིང་ལུ་ བཞུགས་པའི་ཤུལ་ལས་ ཁ་ཙ་ སག་སྟེང་ལས་ལོག་སྟེ་ བཀྲིས་སྒང་ལུ་ཕེབས་གནང་ཡི།

མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོད་གིས་ མེ་རག་དང་སག་སྟེང་ལུ་ གུང་ཞག་གསུམ་གསུམ་རེ་བཞུགས་སྟེ་ འདི་ནང་གི་ མི་སེར་ཚུ་དང་ཅིག་ཁར་འཕྱད་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ སག་སྟེང་ལས་སྦེ་ བཀྲིས་སྒང་ལུ་བྱོན་པའི་སྐབས་ ས་གནས་ ནང་བཟུང་དང་སོ་ན་ ཐང་རོང་དང་ ཡབ་རང་ དེ་ལས་ ས་གླིང་དང་ དུ་དུམ་ འདི་བཟུམ་འབད་ རང་འབྱུང་དང་ ལུང་བརྟན་ཟམ་པ་ཚུ་ནང་ལུ་ མི་དབང་མངའ་ཞབས་མཆོག་ཞལ་མཇལ་ཏེ་བསུ་བ་ཕུལ་ནི་གི་དོན་ལས་འཛོམས་ནུག

ཕྱི་རུ་ལས་འགོ་བཙུགས་ཏེ་ ནུབ་ཕྱེད་ཚུན་ཚོད་ར་ ཆརཔ་བརྐྱབ་ཏེ་འབད་རུང་ སྣང་དག་མ་སྐྱེད་པར་ མི་བརྒྱ་ལས་བཅད་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ ཞལ་མཇལ་ཏེ་ ཚོགས་ཆང་ཕུལ་ནི་གི་དོན་ལས་ ནུབ་ཕྱེད་ཚུན་ཚོད་ ས་གནས་ལུང་བརྟན་ཟམ་པ་ལུ་བསྒུག་ནུག

འདི་དང་འབྲེལ་ཏེ་ མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ཡང་ མི་སེར་ཚུ་དང་ཅིག་ཁར་ འཕྱད་གནང་ནི་གི་དོན་ལས་ ཚོགས་ཆང་ཕུལ་ནི་སྦེ་ མི་སེར་ཚུ་འཛོམས་ཡོད་སའི་ས་གནས་ག་རའི་ནང་ལུ་ བཞུགས་གནང་ནུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ རང་འབྱུང་འོད་གསལ་ཆོས་གླིང་གྲྭ་ཚང་དང་ རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མ་ དེ་ལས་ རང་འབྱུང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལུ་ གཟིགས་ཞིབ་གནང་སྟེ་ སློབ་དཔོན་དང་སློབ་ཕྲུག་ཚུ་ལུ་ མཇལ་འཕྲད་གནང་ནུག

མཐའན་མཇུག་ལུ་ མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ ནུབ་ཕྱེད་ བྱིདཔ་ཅིག་ཁར་ བཀྲིས་སྒང་ལུ་ཕེབས་གནང་ནུག