གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

བུམ་ཐང་ཆུ་མིག་རྒེད་འོག་ནང་ མི་སྡེའི་འགག་སྡེ་ལྟེ་བ་གསརཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༥

Community Police-Chhumey bthang- ༉ བུམ་ཐང་རྫོང་ཁག་ནང་ལུ་ རྒེད་འོག་བཞི་ཡོད་ས་ལས་ བྱ་ངན་གྱི་གྱངས་ཁ་མཐོ་ཤོས་འདི་ ཆོས་འཁོར་རྒེད་འོག་གི་ ཤུལ་ལས་རང་ ཆུ་མིག་རྒེད་འོག་ནང་ལུ་ ཐོན་ཏེ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ རྒེད་འོག་འདི་ནང་ལུ་ བྱ་ངན་མར་ཕབ་འབད་ནི་གི་དོན་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ མི་སྡེའི་འགག་སྡེ་ལྟེ་བ་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན།

རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྤྱི་ལོ་༢༠༡༣་དང་༢༠༡༤་གི་བར་ན་ ཆུ་སྨད་རྒེད་འོག་ནང་ལུ་ བྱ་ངན་ཁག་༡༨་བྱུང་སྟེ་ཡོདཔ་སྦེ་ཨིནམ་ད་ འདི་ཡང་ མཐོ་ཤོས་རང་ བརྡུང་རྫོབ་དང་འབྲེལ་བའི་ བྱ་ངན་ཚུ་འབྱུང་སྟེ་ཡོདཔ་སྦེ་ ཐོ་བཀོད་འབད་དེ་སྦེ་འདུག

བུམ་ཐང་གི་ཁྲིམས་སྲུང་མགུ་བདག་ དམག་སྲིད་འོགམ་ ཚེ་རིང་འབྲུག་པ་གིས་སླབ་མི་ནང་ རྒེད་འོག་འདི་ནང་ལུ་ མི་རློབས་༣༥༠༠་ལྷགཔ་ཅིག་ལས་བརྒལ་མེདཔ་ལས་ བྱ་ངན་དེ་སྦེ་ འབྱུང་སྟེ་ཡོད་མི་འདི་ གནམ་མེད་ས་མེད་ མཐོ་དྲག་སྦེ་འདུག་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ སྣང་སྒར་དང་ཨུ་ར་གི་ འཕྲང་ལམ་འདི་སེལ་ཚར་བའི་བསྒང་ལས་ འདི་བཟུམ་གྱི་ཁྲིམས་སྲུང་ལྟེ་བ་ཅིག་ མ་བཙུགས་པ་ཅིན་ རྒེད་འོག་འདི་ནང་ལུ་ བྱ་ངན་འདི་ ཡར་སེང་འགྱོ་ནི་ བཟུམ་ཅིག་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ ཆུ་མིག་རྒེད་འོག་ནང་ལུ་ སློབ་གྲྭ་དང་ཡིག་ཚང་ དེ་ལས་ མཆོད་རྟེན་དང་ལྷ་ཁང་ལ་སོགས་པ་ཚུ་ཡང་ཡོདཔ་ལས་ བྱ་ངན་འདི་ ཧེང་བཀལ་རང་ ཐོན་ནི་གི་ཉེན་ཁག་ཡོད་ཟེར་བཤད་ཅི།Community Police-Chhumey bthang

ཆུ་མིག་རྒཔོ་ རྟ་མགྲིན་ཕུརབ་གིས་སླབ་མི་ནང་ ཁྲིམས་སྲུང་འགག་སྡེ་གི་ཧོངས་ལས་ ཐབས་ལམ་དེ་སྦེ་བཏོན་མི་འདི་ལུ་ ངལ་རང་ཡོད་ཟེར་ཨིནམ་མ་ཚད་ རྒེད་འོག་ནང་ལུ་ བྱ་ངན་མར་ཕབ་འབད་ནི་གི་དོན་ལས་ རྒྱབ་སྐྱོར་དང་མཉམ་འབྲེལ་ཚུ་ཡང་ འབད་ཆོག་ཆོ་སྦེ་ཡོད་ཟེར་ཨིན་མས།

རྒྱལ་གཞུང་འབྲུག་གི་འགག་སྡེ་གི་ འགག་དཔོན་ མདོ་འཛིན་སྐྱིདཔ་བཅུ་རྣམ་རྒྱལ་གྱིས་གསུང་མི་ནང་ མི་སྡེ་འགག་སྡེ་ལྟེ་བ་འདི་གིས་ ཆུ་མིག་རྒེད་འོག་གི་མི་སེར་ཚུ་ལུ་ ཞབས་ཏོག་ཚུ་ དུས་ཚོད་ཁར་འབྱིན་ནི་ནང་ལུ་ ཕན་ཐོག་འབྱུང་འོང་ཟེར་ཨིན་མས།

མི་སྡེ་འགག་སྡེ་ལྟེ་བ་འདི་ནང་ལུ་ ད་རེས་ ཁྲིམས་སྲུང་འགག་པ་༥་ཡོདཔ་ཨིན་རུང་ མ་འོངས་པའི་ནང་ལུ་ འགོ་དཔོན་གཅིག་རྩིས་ཏེ་ ཁྲིམས་སྲུང་འགག་པ་༡༡་དེ་ཅིག་འོང་ནི་ཨིན་མས།

མི་སྡེ་འགག་སྡེ་ལྟེ་བ་འདི་ཡང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ཚོགས་པ་གི་ རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་དེ་སྦེ་འདུག