གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

རྒྱལ་ཡོངས་ཚོགས་སྡེ་གིས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གི་ཁྲིམས་མཐུན་གནད་དོན་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་གནང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༡༥

NC-BoIC༉ གཞུང་གིས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གཞི་བཙུགས་འབད་མི་འདི་ ཁྲིམས་མཐུན་ག་དེ་སྦེ་ཡོད་ག་གི་སྐོར་ལས་ ཧེ་མའི་ཚོགས་ཐེངས་ནང་ལུ་གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་རང་བྱུང་ཡོདཔ་ཨིན།

ཨིན་རུང་ གནད་དོན་འདི་ ཞི་མ་ཚུགས་པར་ལུས་ཏེ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་གནང་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ ཧེ་མ་ གཞུང་ལུ་ ལྟེ་བ་འདི་གི་དོན་ལས་ ཁྲིམས་ཅིག་བཞེངས་དགོཔ་སྦེ་ཞུ་བ་འབད་དེ་ཡོདཔ་ཨིན་མས།

འདི་ཡང་ མ་འོངས་པའི་ནང་ལུ་ འདི་བཟུམ་གྱི་ལས་སྡེ་གཞི་བཙུགས་འབད་བའི་སྐབས་ སྤྱི་ཚོགས་ལས་བརྒྱུད་དེ་རྐྱངམ་ཅིག་ གཞི་བཙུགས་འབད་ཐ་ཆོགཔ་སྦེ་བཟོ་ནི་གི་དོན་ལུ་ཨིན་མས།

ཁྱད་ལྡན་གྱི་འཐུས་མི་ དྲག་ཤོས་ ཀརྨ་འོད་ཟེར་རལ་གྲི་གིས་ཞུ་མི་ནང་ གཞུང་གིས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གཞི་བཙུགས་འབད་མི་གི་ཐད་ཁར་ ཁྲིམས་མཐུན་ག་དེ་སྦེ་ཡོད་ག་གི་སྐོར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལས་ ལན་གསལ་གནང་ནི་ནང་ དུས་ཡུན་རིངམོ་སྦེ་རང་འགོར་ཏེ་ཡོད་ཟེར་ཨིན་མས།

ད་རུང་ འཐུས་མི་གིས་ཞུ་མི་ནང་ ཁྲིམས་དང་སྲིད་བྱུས་མང་ཤོས་ཅིག་རང་ ཡིག་ཐོག་ལུ་ཡོད་རུང་ ལག་ལེན་དེ་ཅིག་རང་ འཐབ་མ་ཚུགས་པར་ཡོདཔ་ལས་ གཞུང་གིས་ ཁྲིམས་ལུགས་དང་འཁྲིལ་ཏེ་རང་ ཕྱག་ལཱ་ཚུ་གནང་དགོཔ་འདུག་ཟེར་ཞུ་ཡི།

འདི་ལུ་ ཚོགས་ཁང་གིས་ གཞན་མི་འཐུས་མི་ཚུ་གིས་ཡང་ རྒྱབ་སྐྱོར་ཕུལ་ཏེ་ཡོདཔ་ཨིན།

ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བའི་དམིགས་ཡུལ་དང་ལྟ་བ་འདི་ལུ་ འཐུས་མི་ག་ར་གིས་ རྒྱབ་སྐྱོར་ཡོདཔ་སྦེ་ཨིན་རུང་ ཁྲིམས་མཐུན་གྱི་གནད་དོན་ཤེས་དགོཔ་འདི་ ཁག་ཆེ་བས་ཟེར་ཨིན་མས།