གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

མི་དབང་མཆོག་གིས་ བདེ་སྲུངཔ་ཤོག་ཐེངས་༡༥པ་ལུ་ མཇལ་འཕྲད་གནང་ཡི།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༥

HM with DeSuung 15th Batch༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ དབང་འདུས་ཕོ་བྲང་ བསྟན་ཆོས་གླིང་དྲག་པོའི་དམག་སྦྱོང་ལྟེ་བ་ནང་ལུ་ བདེ་སྲུང་གི་སྦྱོང་བརྡར་ཤོ་ཐེངས་༡༥་པའི་ནང་ལུ་ གྲལ་ཁར་གཏོགས་མི་ ཁས་བླངས་པ་ཚུ་ལུ་ མཇལ་ཕྲད་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྲུངཔ་ཚུ་ལུ་གསུང་མི་ནང་ དུས་རབས་༢༡པའི་ནང་ རྒྱལ་ཁབ་ནང་ལུ་ ཚ་གྱང་ཆེ་བའི་ གནད་དོན་མང་རབས་ཅིག་ར་ འཐོན་དོ་ཡོད་མི་སྐོར་ གསུང་གནང་པའི་ཁར་ བདེ་སྲུངཔ་ཚུ་གིས་ ལཱ་དང་འགན་འཁུར་གྱི་སྐོར་ཡང་ གསུང་གནང་ཡི།

མི་དབང་མངའ་ཞབས་མཆོག་གིས་གསུང་མི་ནང་ བདེ་སྲུངཔ་ཚུ་ ཞི་བདེ་དང་རང་བཙན་ དེ་ལས་ དགའ་སྐྱིད་ཚུ་ སྲུང་མི་ཨིན་པའི་ཁར་ རྒྱལ་ཡོངས་ཀྱི་ངོ་རྟགས་ བདག་འཛིན་འཐབ་མི་ཅིག་ཡང་ ཨིན་ཟེར་གསུང་གནང་ཡི།

འདི་གི་སྦེ་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་གིས་གསུང་མི་ནང་ ཁོང་བདེ་སྲུངཔ་ཚུ་གིས་ ཞབས་ཏོག་ཞུ་ཐང་གི་ སྤྱོད་ལམ་དང་བསམ་སྤྱོད་འདི་གིས་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་འདི་ ལེགས་ཤོམ་བཟོ་ཚུགས་ཟེར་ བཀའ་སློབ་གསུང་གནང་ཡི།

མི་དབང་མཆོག་གིས་གསུང་མི་ནང་ བདེ་སྲུངཔ་ཚུ་གིས་ རྒྱལ་ཁབ་གོང་འཕེལ་དང་ ཡར་དྲག་གི་དོན་ལུ་ རང་སོའི་ལྕོག་གྲུབ་ཚུ་དང་འཁྲིལ་ སྦོམ་སྦོམ་ཆུང་ཆུང་སྦེ་ ཁས་བླངས་ཀྱི་ཞབས་ཏོག་ ཞུ་དོ་ཡོད་མི་འདི་ལུ་ ཐུགས་ངལ་རངས་ སྦོམ་ཡོད་ཟེར་གསུང་ཡི།

ད་རེས་ཟླཝ་གི ་སྤྱི་ཚེས་༦་ལས་ འགོ་བཙུགས་ཏེ་ཡོད་མི་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་༡༥་པ་འདི་ནང་ལུ་ ཁས་བླངས་པ་ ཕོ་རྒས་༨༠་དང་ ཨམ་སྲུ་༤༡་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ད་ སྦྱོང་བརྡར་འདི་ཡང་ ཤུལ་མའི་ཟླཝ་གི་ སྤྱི་ཚེས་༩་ལུ་ མཇུག་བསྡུ་ནི་གི་ལས་རིམ་འདུག

སྟེ་ བདེ་སྲུངཔ་ཤོག་ཐེངས་༡༥པ་འདི་ མཇུག་བསྡུ་བའི་བསྒང་ལས་ རྒྱལ་ཁབ་ནང་ལུ་ བདེ་སྲུངཔ་གི་གྱངས་ཁ་འདི་ སྟོང་ཕྲག་༡དང་ ༧༦༥ལུ་ལྷོད་ནི་ཨིན་མས།