གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ལྕགས་བཟོ་གྲྭ་ཁང་ཚུ་ལུ་ ཚོང་འབྲེལ་གྱི་དཀའ་ངལ།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༥

Ferro Silicon Industries- Thin Line༉ རྒྱལ་ཁབ་ནང་གི་ ལྕགས་བཟོ་གྲྭ་འཕྲུལ་ཁང་ཚུ་ ད་རེས་ནངས་པར་ སྒོ་སྡམ་བཞགཔ་དྲག་ག་དང་ ཡང་ན་ འཕྲོ་མཐུད་དེ་རང་ ལཱ་འབདཝ་དྲག་ག་ མ་ཤེས་པར་འདུག

འདི་ཡང་ འཕྲུལ་ཁང་སྒོ་སྡམ་བཞག་པ་ཅིན་ བསྐྱིན་འགྲུལ་ཚུ་བཏབ་ནི་ནང་ལུ་ ཐོག་སྦོམ་སྦེ་རང་ ཕོག་ནི་ཨིན་པའི་ ཚ་གྱང་ཡོད་པའི་ཁར་ ཚོང་འབྲེལ་འདི་ འཕྲོ་མཐུད་དེ་རང་ འགོ་འདྲེན་འཐབ་པ་ཅིན་ ལེགས་ཤོམ་ཅིག་འགྱོ་མི་བཏུབ་དོ་ ཡོད་མི་ལས་བརྟེན་ཏེ་ཨིན་མས།

བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ ད་རེས་ནངས་པར་ ལྕགས་ཀྱི་གོང་ཚད་ཚུ་ མེ་ཀྲིག་ཊོན་རེ་ལུ་ དངུལ་ཀྲམ་སྟོང་ཕྲག་༡༠་གིས་ མར་ཕབ་འབད་དེ་ ཚོང་འབྲེལ་འཐབ་དོ་ཡོད་རུང་ ལེགས་ཤོམ་སྦེ་ འགྱོ་མ་བཏུབ་པར་འདུག

སྟེ་ ལྕགས་བཟོ་འཕྲུལ་ཁང་ཚུ་གིས་སླབ་མི་ནང་ གོང་ཚད་འདི་གུར་ འཕྲོ་མཐུད་དེ་རང་ ཚོང་འབྲེལ་འཐབ་པ་ཅིན་ འཕྲུལ་ཁང་གི་ཟད་འགྲོ་ཚུ་ གནམ་མེད་ས་མེད་ ཡར་སེང་འགྱོ་འོང་ཟེར་བཤད་ཅི།

འབྲུག་གི་ བཟོ་གྲྭ་ཚོགས་སྡེ་གི་ཡོངས་ཁྱབ་དྲུང་ཆེན་ ཇོ་ཅུ་ཕྲིན་ལས་ཀྱིས་སླབ་མི་ནང་ འཕྲུལ་ཁང་ཚུ་གིས་ ལྕགས་ཚུ གོང་ཚད་མར་ཕབ་གུ་རང་བཏོན་པ་ཅིན་ རྒུད་ཕོག་ནི་ཨིན་རུང་ རྒུད་འདི་ འཕྲུལ་ཁང་སྒོ་སྡམ་བཞག་སྟེ་ བསྐྱིན་འགྲུལ་སྤྲོད་དགོཔ་ཐོན་མི་གི་ རྒུད་དང་ཕྱདཔ་ད་ ཨ་ཙི་དྲག་འོང་ཟེར་ཨིན་མས།

ཨིན་རུང་ ཁོ་གིས་སླབ་མི་ནང་ གནས་སྟངས་འདི་ དེ་སྦེ་རང་སྡོད་པའི་གུར་ གློག་མེ་གི་སྤྱོད་ཁྲལ་འདི་ཡང་ དུས་ཅི་ སྤྱི་ཟླ་༧་པ་ནང་ལས་ ཡར་སེང་འགྱོ་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་མང་ཤོས་ཅིག་རང་ སྒོ་སྡམ་དགོཔ་ཐོན་འོང་ཟེར་བཤད་ཅི།

འདི་ཡང་ གློག་མེ་གི་སྤྱོད་ཁྲལ་ ཡར་སེང་འབད་བའི་སྐབས་ རྒྱལ་སྤྱི་གི་ནང་ལུ་ ལྕགས་མཁོ་འདོད་སྐྱེད་མི་འདི་ ཡར་སེང་མ་འགྱོ་བར་ལུས་ནི་གི་ ཉེན་ཁག་ཡོད་མི་ལས་བརྟེན་ཏེ་ཨིན་མས།