གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

ཏམ་ཁུ་འཐུང་མ་ཆོག་པའི་བརྡ་བྱང་འདི་ལུ་ ངོས་ལེན་འབད་མི་མེད་པའི་འཚོར་སྣང་འབྱུང་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༥

Smoking Free Zone༉ ཏམ་ཁུ་འཐུང་མི་ཆོག་ཟེར་མི་ བརྡ་བྱང་འདི་ཚུ་ ས་གནས་ཐདམ་ཐད་ཁར་ལས་ཕར་ མཐོང་ཚུགསཔ་ཨིན་རུང་ འདི་གིས་ དམིགས་དོན་འདི་ཚུ་ སྒྲུབ་ཚུགས་ཏེ་ཡོད་ག་ཟེར་མི་འདི་ མི་ཚུ་གིས་བར་ན་ བློ་སླབ་པའི་གཞི་ཅིག་ལུ་ འགྱུར་ཏེ་སྦེ་ཡོདཔ་ཨིན།

འདི་ཡང་ མི་ལ་ལུ་ཅིག་གིས་སླབ་མི་ནང་ ཏམ་ཁུ་འཐུང་མི་ མང་ཤོས་ཅིག་གིས་ར་ ལམ་ལུགས་འདི་ལུ་མ་གནས་པར་ ག་ལྷོད་ས་ལུ་ འཐུང་དོ་ཡོདཔ་སྦེ་བཤད་ཅི།

འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གི་ འགོ་དཔོན་ཚུ་གིས་སླབ་མི་ནང་ ལམ་ལུགས་འདི་ཚུ་ ག་དེ་སྦེ་ར་ ལག་ལེན་འཐབ་སྟེ་ཡོད་ག་ཚུ་ ལྟ་བརྟོག་འབད་ནི་ནང་ མི་སྟོབས་ལངམ་སྦེ་མེད་པའི་ གདོང་ལེན་ཡོདཔ་སྦེ་ཨིན་མས།

ཁྲིམས་ལུགས་འདི་ཚུ་ ལག་ལེན་འཐབ་མི་འདི་ རྒྱལ་གཞུང་འབྲུག་གི་འགག་སྡེ་འདི་ཨིནམ་ལས་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ བརྒྱུད་འཕྲིན་ཐོག་ལུ་ ང་བཅས་རྒྱང་བསྒྲགས་ལུ་སླབ་མི་ནང་ ཁོང་གིས་ཁ་ཐུག་ལས་ འབད་ཚུགས་ཚུགསཔ་ཅིག་ རྩ་འགེངས་ཏེ་ར་ འབད་དོ་ཟེར་བཤད་ཅི།

ཨིན་རུང་ མི་ལ་ལུ་ཅིག་གིས་སླབ་མི་ནང་ ཏམ་ཁུ་འཐུང་ཆོག་པའི་ ས་སྒོ་འདི་ཚུ་ སོ་སོ་འབད་ར་ བཟོ་དགོཔ་འདུག་ཟེར་ཨིན་མས།

ལ་ལུ་ཅིག་གིས་འབད་བ་ཅིན་ ཁྲིམས་ལུགས་འདི་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་པ་ཅིན་རྐྱངམ་ཅིག་ བཅའ་ཁྲིམས་འདི་གི་ དམིགས་དོན་འདི་ སྒྲུབ་ཚུགས་ཟེར་ཨིན་མས།

ཨིན་རུང་ མི་ལ་ལུ་ཅིག་གིས་འབད་བ་ཅིན་ འདི་བཟུམ་གྱི་ བྱ་སྟབས་མ་བདེཝ་འཐོན་མི་འདི་ མི་ཚུ་གིས་ བསམ་སྤྱོད་ལས་བརྟེན་ ཨིནམ་སྦེ་བཤད་ཅི།

ད་རུང་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གི་ ལས་རིམ་གཙོ་འཛིན་འགོ་དཔོན་ འཆི་མེད་རྡོ་རྗེ་གིས་སླབ་མི་ནང་ ཁོང་གིས་ཁ་ཐུག་ལས་ གོ་བ་བརྡ་སྤྲོད་ཚུ་ ག་དེ་ཅི་ར་ འགོ་འདྲེན་འཐབ་སྟེ་འབད་རུང་ འདི་ནང་བཅའ་མར་གཏོགས་མི་འདི་ ཚད་ཅིག་ལས་བརྒལ་ མི་འོང་པས་ཟེར་བཤད་ཅི། འབྲེལ་ཡོད་དབང་འཛིན་དང་ ལས་སྡེ་ཚུ་གིས་ ལམ་ལུགས་གཏན་ཏོག་ཏོ་ཅིག་ མ་བཟོ་ཚུན་ཚོད་ ཏམ་ཁུ་འཐུང་མི་ཆོག་ཟེར་མི་ བརྡ་བྱང་ཚུ་གིས་ཡང་ ལྷན་ཐབས་ཚུ་ ག་ནི་ཡང་འབད་མ་ཚུགས་པར་ དེ་སྦེ་ར་ལུས་ནི་ཨིན་མས།