གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

བློན་ཆེན་མཆོག་གིས་ ན་གཞོན་གྱི་ལས་རིམ་མཇུག་བསྡུའི་རྟེན་འབྲེལ་འདི་ཁར་ དབུ་བཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༥

PM-YESCamp-Gyalpoizhing- ༉ མོང་སྒར་ རྒྱལ་པོ་ཞིང་ལུ་སྦེ་ ཟླ་ངོ་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་ཡོད་མི་ གནམ་དགུན་ ན་གཞོན་ཡར་དྲགས་ཞབས་ཏོག་གི་ ལས་རིམ་མཇུག་བསྡུའི་རྟེན་འབྲེལ་འདི་ཁར་ བློན་ཆེན་ ཚེ་རིང་སྟོབས་རྒྱས་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།

ལས་རིམ་དེ་ཡང་ ཤར་ཕྱོགས་རྫོང་ཁག་དྲུག་གི་ ན་གཞོན་ སློབ་ཕྲུག་བུམོ་ཚུ་གི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་སློབ་ཀྱི་ཐོག་ལུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན།

ལས་རིམ་འདི་ནང་ བཅའ་མར་གཏོགས་མི་ ན་གཞོན་བུམོ་༨༠༠་དེ་ཅིག་ལུ་ བློན་ཆེན་མཆོག་གིས་གསུང་མི་ནང་ ན་གཞོན་བུམོ་ཚུ་གིས་ གནམ་དགུན་གྱི་ངལ་གསོ་འདི་ ཕན་ཐོག་ཅན་ཅིག་སྦེ་ ལག་ལེན་འཐབ་སྟེ་ཡོད་མི་འདི་ལུ་ ངལ་རངས་སྦོམ་ཡོད་ཟེར་གསུང་ནུག

བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་གསུང་མི་ནང་ ཁོང་ལུ་བྱིན་མི་ གོ་སྐབས་འདི་ཚུ་ དོན་སྨིན་ཅན་གྱི་ཐོག་ལས་ ལག་ལེན་འཐབ་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།PM-YESCamp-Gyalpoizhing

བློན་ཆེན་མཆོག་གིས་གསུང་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨ་ལུ་ཚུ་ལུ་ བྱམས་པ་དང་རྩེ་བ་ སྦོམ་སྦེ་ར་ གཟིགས་གནང་སྟེ་ཡོད་མི་ལུ་ བཀྲིན་བསམ་ནི་དོན་ལས་ སློབ་ཕྲུག་ཚུ་གིས་ ཆོས་ཡོན་ཏན་འདི་ ལེགས་ཤོམ་སྦེ་སྦྱང་སྟེ་ རྒྱལ་ཁབ་ལུ་ ཤ་ཚ་ཧིང་ཚ་གི་སྒོ་ལས་ ཕྱག་ཞུ་དགོཔ་འདི་ ཁག་ཆེ་ཟེར་གསུང་ནུག

བློན་ཆེན་ ཚེ་རིང་སྟོབས་རྒྱས་མཆོག་གིས་ གནམ་དགུན་གྱི་ ན་གཞོན་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ཡོད་མི་ལུ་ ལས་རིམ་འགོ་འདྲེན་པ་དང་སློབ་དཔོན་ དེ་ལས་ གསོ་བའི་འཐུས་མི་དང་ མི་དམངས་ཀྱི་ འགོ་དཔོན་ཚུ་ལུ་ བཀྲིན་དགའ་འཚོར་གསུང་གནང་ནུག

ལས་རིམ་འདི་ནང་ བཅའ་མར་གཏོགས་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བསམ་གྱི་མི་ཁྱབ་པར་ བཀྲིན་དགའ་འཚོར་ཡོད་ཟེར་ཨིན་མས།

ཟླ་ངོ་གཅིག་གི་ ལས་རིམ་གྱི་སྐབས་ ཁོང་ཆ་ཁྱབ་ཀྱིས་ དབྱིན་སྐད་ཆོས་ཚན་འདི་ ལྷབ་ཡོད་པའི་ཁར་ མི་ཚེའི་རིག་རྩལ་དང་ གཞན་ ཀུན་ཚང་ཤེས་ཡོན་འདི་ཚུ་ནང་ཡང་ གྲལ་གཏོགས་འབད་ནུག

གནམ་དགུན་གྱི་ལས་རིམ་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲུང་ཆེན་ཡིག་ཚང་དང་ རྒྱལ་ཚབ་ཡིག་ཚང་གཉིས་ཀྱིས་ ན་གཞོན་དང་རྩེད་རིགས་ལས་ཁུངས་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན།