གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ཕྲང་ལམ་སེལ་ནིའི་ལཱ་ མགྱོགས་པ་ར་འགོ་བཙུགས་ནི་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༢༩ ༢༠༡༥

Pling-Manglabari-Road༉ ས་མཚམས་ཁྲོམ་ ཇའི་སྒང་གི་ས་གནས་ མང་ལ་བཱ་རི་ལས་ དཔག་བསམ་ཁ་ཚུན་ཚོད་ ཕྲང་ལམ་སེལ་ནིའི་ལཱ་ཚུ་ མགྱོགས་པ་ར་ འགོ་བཙུགས་ནི་གི་ལས་རིམ་འདུག

དེ་ཡང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་སླབ་མི་ནང་ རྒྱ་གར་གྱི་འགོ་དཔོན་ཚུ་གིས་ ལཱ་འདི་ མགྱོགས་པ་ར་ འགོ་བཙུགས་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་མས།

འགོ་དཔོན་ཚུ་གིས་སླབ་མི་ནང་ ལམ་འདི་ལས་བརྟེན་ཏེ་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་རྒྱུན་འགྲུལ་དང་འབྲེལ་བའི་ སྟབས་མ་བདེཝ་ཡོད་མི་འདི་ སེལ་ཚུགས་ནི་མས་ཟེར་ཨིན་མས།

ཕྲང་ལམ་རྐྱངམ་ཅིག་གི་མ་དོ་བར་ ཁྲོམ་སྡེའི་ཁ་ཐུག་ལས་ དཀའ་ངལ་སེལ་ནིའི་ འཆར་གཞི་གཞན་ཚུ་ཡང་ཡོདཔ་ཨིན་མས།

ཕུན་ཚོགས་གླིང་ལུ་ སྣུམ་འཁོར་རྒྱུན་འགྲུལ་འདི་ མང་སུ་ཅིག་ར་ དྲོ་པ་ཆུ་ཚོད་༨་ལས་༡༠་ཚུན་ཚོད་དང་ ཕྱི་རུ་ཆུ་ཚོད་༤་ལས་༦་ཚུན་ འཐོན་དོ་ཡོདཔ་ཨིན་མས།

དེ་ཡང་ སྒོ་ར་སྒོ་ཅིག་ལས་འགལ་ མེདཔ་ལས་ སྣུམ་འཁོར་ག་ར་ དེ་ཁ་ལས་ ཙར་ཏེ་འགྱོ་དགོ་མི་ལུ་བརྟེན་ཨིན་མས།

ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཀྲག་༢༠༠་དེ་རེ་གིས་ དཔག་བསམ་ཁ་ལུ་ ཅ་ཆས་ཚུ་སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན།

དེ་ལས་བརྟེན་ སྣུམ་འཁོར་རྒྱུན་འགྲུལ་ལུ་ ཧེང་བཀལ་ར་ གནོད་དེ་འདུགPling-Manglabari-Road-

ཨིན་རུང་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཀྲར་༧་དེ་ཅིག་གི་ས་ཁར་ རྒྱ་གར་གྱི་ས་གནས་ བཱིར་བཱ་རི་ཟེར་ས་ལས་ ཕྲལ་ལམ་ཅིག་སེལ་ནི་སྦེ་ཡོདཔ་ལས་ དེ་གི་ དཀའ་ངལ་འདི་ ཧ་ལམ་སེལ་ཚུགས་པའི་རེ་བ་འདུག

ཕྲང་ལམ་འདི་གི་དོན་ལུ་ ལོ་དག་པ་ཅིག་གི་ཧེ་མ་ལས་ ལོ་རྒྱུས་ཚུ་སླབ་སྟེ་ ཆ་འཇོག་འབད་དེ་ཡོད་རུང་ ལཱ་ཚུ་ སྤྱི་ལོ་༢༠༡༣་ལས་རྐྱངམ་ཅིག་ འགོ་བཙུགས་ནུག

ཕྲང་ལམ་འདི་བལྟ་རྟོགས་འབད་ནིའི་དོན་ལུ་ ལྷོ་ཨེ་ཤི་ཡན་ ལུང་ཕྱོགས་དཔལ་འབྱོར་མཉམ་འབྲེལ་ལས་འགུལ་གྱི་འོག་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ རྒྱབ་བསྐྱོར་ཐོག་ལས་ དཔག་བསམ་ཁ་ པད་དཀར་ཞིང་གི་ས་གནས་ ཨྷ་ལས་ཟེར་ས་ལུ་ ཅ་དམ་གྱི་ཡིག་ཚང་ཅིག་ཡང་ བཟོ་བསྐྲུན་འབད་ནི་ཨིན་མས།

ད་རུང་ ལས་འགུལ་འདི་གི་འོག་ལུ་ འཆར་གཞི་གཞན་ཡང་ འབྲུང་ཚོང་འབྲེལ་ལས་འཛིན་གྱི་ སྦོ་ལོགས་ཁར་ སྣུམ་འཁོར་ཀྲག་ཚུ་ ཅ་དམ་ཞིབ་དཔྱད་ཀྱི་དོན་ལས་ འགུག་སྡོད་སའི་ ས་སྒོ་ཅིག་བཟོ་ནི་དང་ དེ་ཁ་ལས་ ནུབ་ཕྱོགས་ཀྱི་ ཕྲང་ལམ་ཅིག་ཡང་སེལ་ནི་སྦེ་འདུག

དེ་ཚུ་བཟོ་ཚར་བའི་བསྒང་ལས་ སྣུམ་འཁོར་ཀྲག་ཚུ་ ཅ་དམ་ཞིབ་དཔྱད་ཀྱི་དོན་ལུ་ ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཅ་དམ་ཡིག་ཚང་ནང་ འོང་མི་དགོ་ནི་ཨིནམ་ལས་ སྣུམ་འཁོར་རྒྱུན་འགྲུལ་ལུ་ ཕན་ཐོགས་བྱུང་ནི་ཨིན་མས།

ལས་འགུལ་འདི་ སྤྱི་ལོ་༢༠༡༨་གི་ནང་འཁོད་ མཇུག་བསྡུ་ཚུགས་པའི་རེ་བ་འདུག

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་སླབ་མི་ནང་ སྣུམ་འཁོར་ཀྲག་ཚུ་འགུག་སའི་ སྦོ་ལོགས་ཁར་ རྒྱལ་སྤྱིའི་ས་མཚམས་ཀྱི་ འགེག་སྲུང་གཉིས་པ་ སྒོ་ཕྱེ་ནིའི་དོན་ལས་ བློ་ཚུ་སླབ་པའི་བསྒང་ར་ཡོད་ཟེར་བཤད་ཅི།

གནད་དོན་དེ་གི་སྐོར་ལས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ རྒྱ་གར་གཞུང་དང་ཅིག་ཁར་ གསུང་གྲོས་གནང་པའི་བསྒང་ར་ཡོདཔ་ཨིན་མས།