ས་གནས་གཞུང་གི་བཙག་འཐུའི་ནང་ བཅའ་མར་གཏོགས་མི་ཨམ་སྲུའི་གྱངས་ཁ་ ཡར་སེང་།

༉ ས་གནས་གཞུང་གི་བཙག་འཐུ་ ཐེངས་༣པའི་ནང་ ཚོགས་རྒྱན་བཙུགས་མི་ ཨམ་སྲུའི་གྱངས་ཁ་གི་མ་དོ་བར་ འདེམས་ངོ་སྦེ་འཐོན་མི་གི་གྱངས་ཁ་ཡང་ ཡར་སེང་སོང་སྟེ་སྦེ་འདུག

འདི་འབདཝ་ལས་ དུས་ཅི་གི་བཙག་འཐུ་ནང་ལུ་ འདེམས་ངོ་ཨམ་སྲུ་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ཡང་ མང་སུ་འཐོན་ཡོདཔ་ཨིན་མས།

ད་རེས་ཀྱི་བཙག་འཐུ་ནང་ལུ་ མོང་སྒར་རྫོང་ཁག་ནང་ལས་ རྒཔོ་གི་འདེམས་ངོ་ ཨམ་སྲུ་༢་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ཡོདཔ་ད་ ཁོང་༢་ཆ་ར་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཨིན་མས།

 སྟག་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ ཨོ་རྒྱན་དབྱངས་འཛོམས་འདི་ སྔ་ཚང་རྒེད་འོག་གི་ རྒཔོ་གི་གོ་གནས་ཀྱི་དོན་ལུ་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་སྦེ་འདུག

མོ་རང་ ཧེ་མ་སློབ་དཔོན་སྦེ་ཕྱག་ཞུ་བའི་ཤུལ་ ད་རུང་ར་ མི་སེར་ཚུ་ལུ་ཡང་ ཕྱག་ཞུ་ཚུགས་པའི་རེ་བ་ལུ་ བཙག་འཐུ་ནང་ལུ་གྲལ་ཁར་གཏོགས་ནུག

འདི་འབདཝ་ལས་ ད་ལས་ཕར་ མོ་གིས་རྒཔོ་གི་གོ་གནས་ཁར་ལྷོདཔ་ཅིག་ར་ རྒེད་འོག་ནང་ལུ་ སོ་ནམ་ཞིང་ལམ་ཉམས་བཅོས་དང་ཅིག་ཁར་ ཆུའི་གཡུར་བ་ཚུ་ཡང་ ལེགས་ཤོམ་སྦེ་སེལ་ནི་ནང་ གཙོ་རིམ་བཟུང་ནི་ཟེར་ཨིན་མས།

དེ་བཟུམ་སྦེ་ རྫོང་ཁག་འདི་ནང་ལས་ རྒཔོ་གི་གོ་གནས་ཀྱི་དོན་ལུ་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ཨམ་སྲུ་གཅིག་ སྐྱེས་ལོ་༣༢་ལང་མི་ བདེ་ཆེན་བཟང་མོ་ཨིན་མས།

མོ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་བའི་ཤུལ་ སྤྱི་ལོ་༢༠༡༦་གི་ ས་གནས་གཞུང་གི་བཙག་འཐུ་ནང་ལུ་ཡང་ བཅའ་མར་གཏོགས་ཡོད་རུང་ བཙག་འཐུ་གྲུབ་མ་ཚུགས་པས།

མོ་གིས་ ད་ལས་ཕར་ མོ་རའི་རིག་པ་དང་ ཉམས་མྱོང་ཚུ་གཡོག་བཀོལ་ཏེ་ རྒེད་འོག་གི་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ རྩ་འགེངས་ནི་ཟེར་བཤད་ཅི།

ད་རུང་ མོ་གིས་སླབ་མི་ནང་ ད་རེས་ ཨམ་སྲུ་ཆ་ཁྱབ་ཀྱིས་ བཙག་འཐུ་ནང་ལུ་གྲལ་ཁར་གཏོགས་ཏེ་ གཞུང་དང་མི་སེར་ལུ་ ཕྱག་ལེགས་ཤོམ་སྦེ་ཞུ་ཚུགས་པ་ཅིན་ འདི་གིས་ མ་འོངས་པའི་ནང་ ཨམ་སྲུ་ཚུ་ལུ་ དཔེ་ལེགས་ཤོམ་སྦེ་ བཏོན་ཚུགས་ནི་ཨིནམ་མ་ཚད་ ཨམ་སྲུ་བཙག་འཐུ་ནང་ལུ་གྲལ་ཁར་གཏོགས་ནི་ལུ་ སེམས་ཤུགས་བྱིན་ཚུགས་ནི་མས་ཟེར་ཨིན་མས།

ད་རེས་ཀྱི་བཙག་འཐུ་ནང་ རྒྱལ་ཁབ་ནང་འཁོད་ལས་ འདེམས་ངོ་ཨམ་སྲུ་༡༤༠༠ལྷགཔ་ཅིག་འཐོན་ས་ལས་ ཨམ་སྲུ་༡༨༥ གིས་ ཚོགས་པ་དང་དམངས་མི་ དེ་ལས་ རྒཔོ་གི་གོ་གནས་ཀྱི་དོན་ལུ་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་སྦེ་ཨིན་མས།

བསོད་ནམས་ཚེ་རིང་། གནས་ཚུལ་བསྡུ་ལེན་པ། མོང་སྒར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube