མཐའ་འཁོར་དང་འབྲེལ་བའི་གནད་དོན་སེལ་ཐབས་ལུ་ གསལ་བསྒྲགས་ཟིན་བྲིས།

༉ འཛམ་གླིང་ནང་ལུ་ འབྲུག་རྒྱལ་ཁབ་འདི་ སྐྱིད་ཉམས་ལྡན་པའི་མཐའ་འཁོར་དང་ ནག་རླུང་ཀར་བོན་མེད་པའི་རྒྱལ་ཁབ་ཅིག་སྦེ་ ཡོངས་གྲགས་འཐོན་ཏེ་ཡོདཔ་ཨིན།

འདི་འབདཝ་ལས་ མཐའ་འཁོར་གནས་སྟངས་འདི་ དུས་ནམ་ར་འབད་རུང་ ཉམས་སྲུང་འབད་དེ་བཞག་ཐབས་ལུ་ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་དང་ འཇིགས་མེད་སེང་གེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་ནང་ལས་ སློབ་ཕྲུག་༤༠གིས་ གནམ་གཤིས་འགྱུར་བ་དང་ འཛམ་གླིང་ཚ་དྲོད་ཡར་སེང་ཀྱི་དཀའ་ངལ་ཚུ་སེལ་ནིའི་དོན་ལས་ གསལ་བསྒྲགས་ཅིག་ ཟིན་བྲིས་བཏབ་སྟེ་འདུག

འདི་ཚུ་ཡང་ གནམ་གཤིས་འགྱུར་བ་དང་ ཆུ་ལུ་བརྟེན་པའི་རྐྱེན་ངན་ སྐྱེ་ལྡན་དང་བཙོག་གྲིབ་ དེ་ལས་ ན་གཞོན་དང་མི་རབས་ཀྱི་བགོ་སྐལ་ཚུ་ཨིན་མས།

གསལ་བསྒྲགས་འདི་གི་ཐོག་ལས་ ཁོང་ཆ་ཁྱབ་ཀྱིས་ གཞུང་གི་འགོ་དཔོན་དང་སྲིད་དོན་པ་ཚུ་ལུ་ གནམ་གཤིས་འགྱུར་བ་ལུ་བརྟེན་པའི་ གནོད་པ་ཚུ་ལུ་ ད་ལྟོ་ལས་གདོང་ལེན་འབད་དགོཔ་སྦེ་ བཤདཔ་ཨིན་མས།

 རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་ལས་ ས་ཁམས་མཁས་མཆོག་ དབང་ཕྱུག་རྣམ་རྒྱལ་གྱིས་སླབ་མི་ནང་ འཛམ་གླིང་ཚ་དྲོད་ཡར་སེང་དང་ གནམ་གཤིས་འགྱུར་བ་ལས་བརྟེན་ རྒྱལ་ཁབ་ནང་གི་ གངས་མཚོ་འདི་ཚུ་ བསྐྱལ་སར་བསྐྱལ་ནིའི་ཉེན་ཁ་ཡོད་ཟེར་ཨིན་མས།

རྒྱལ་ཁབ་ནང་ ཉེན་ཁ་ཆེ་བའི་མཚོ་༡༧ཡོད་ས་ལས་ ༡༡འདི་ སྤུ་ན་གཙང་ཆུ་བདའ་སྟེ་ཡོདཔ་ཨིན་མས།

 གསལ་བསྒྲགས་འདི་ རྒྱལ་ཁབ་ནང་གི་ མཁྱེག་རི་ཚུ་ལུ་ གུས་བསྟུད་བཟུམ་ཅིག་སྦེ་ རྒྱལ་སྤྱི་གངས་རིའི་ཉིནམ་དང་འབྲེལ་ སྤྱི་ཟླ་༡༢པའི་སྤྱི་ཚེས་༡༡གི་ཚེ་ ས་ཡིག་རྐྱབ་ནི་ཨིན་མས།

ཁོང་གི་གསལ་བསྒྲགས་འདི་ གནམ་གཤིས་འགྱུར་བ་ལུ་གདོང་ལེན་གྱི་ འཆར་གཞི་དང་སྲིད་བྱུས་ནང་ འགྱུར་བ་འབག་འོང་ནིའི་དོན་ལས་ སྲིད་བྱུས་བརྩམ་མི་ཚུ་ལུ་ བརྡ་བཀོད་བཟུམ་ཅིག་སྦེ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ ཞལ་འཛོམས་ཚུ་ནང་ལས་ཕར་ལག་ལེན་འཐབ་ནི་ཨིན་མས།

གསལ་བསྒྲགས་འདི་གིས་ འབྲེལ་བ་ཡོད་མི་ལས་སྡེ་ཚུ་ལུ་ དུས་ཚོད་མ་ཕྱིཔ་ལས་ ཐབས་ཤེས་བཏོན་དགོཔ་དང་ རྒྱལ་ཁབ་ནང་གི་ མི་གཞོན་སྐྱེ་ཚུ་ལུ་ ད་རེས་ཀྱི་ལས་རིམ་འདི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་ ཨུ་ཚུགས་བསྐྱེདཔ་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube