སྒོགཔ་གི་གོང་ཚད་ལུ་བལྟ་སྟེ་ སོ་ནམ་པ་ཚུ་ སེམས་དང་མ་ལྡནམ།

༉ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱིས་ དར་དཀར་ན་གི་སྒོགཔ་འདི་ཚུ་བཙོང་ནི་ནང་ རྒྱབ་སྐྱོར་འབད་དེ་ཡོད་རུང་ མི་སེར་སོ་ནམ་པ་ཚུ་ གོང་ཚད་ལུ་བལྟ་སྟེ་ སེམས་དང་མ་ལྡན་པར་འདུག

སྒོགཔ་འདི་ཚུ་ཡང་ ཐིམ་ཕུག་ བརྒྱ་ཁོར་སོ་ནམ་ཚོང་ཁྲོམ་གྱི་ ཚོད་བསྲེ་བཙོང་མི་ཚུ་གིས་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༣༢རེ་སྦེ་ ཉོ་ནི་སྦེ་ ཁ་བཟེད་དེ་ཡོདཔ་ཨིན་མས།

ཨིན་རུང་ དར་དཀར་ན་གི་མི་སེར་ཚུ་གིས་འབད་བ་ཅིན་ སྒོགཔ་གི་ལཱ་འབད་བའི་སྐབས་ གཡུ་མ་རང་ ཚར་གཉིས་དེ་ཅིག་རྐྱབ་དགོ་ནི་འདི་གིས་ ལཱཔ་གི་གླ་ཆ་ཚུ་རྩིས་རྐྱབ་པའི་སྐབས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༢འདི་ ཉུང་རང་ཉུང་མས་ཟེར་བཤད་ཅི།

ཁོང་གིས་འབད་བ་ཅིན་ སྒོགཔ་ཀེ་ཇི་རེ་ལུ་ གོང་ཚད་ག་དེ་ཅིག་རང་མ་འབྱིན་རུང་ དངུལ་ཀྲམ་༤༠དེ་རེ་འབྱིན་ཚུགས་པ་ཅིན་ ཁོང་ལུ་ཡང་ ཁེ་བསང་མེད་རུང་ རྒུད་མི་ཕོག་ནི་མས་ཟེར་ཨིན་མས།

འདི་ལུ་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ངོ་ཚབ་ དོན་གྲུབ་ཀྱིས་སླབ་མི་ནང་ མི་མང་ཤོས་ཅིག་གིས་རང་ སྒོགཔ་འདི་ སྦོམ་སུ་མཚམས་འཚོལ་དོ་ཡོད་རུང་ དར་དཀར་ན་གི་སྒོགཔ་འདི་ མང་ཤོས་ཅིག་རང་ ཆུང་ཀུ་མས་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ མི་སེར་སོ་ནམ་པ་ ཁོང་ར་ཆ་ཁྱབ་ཀྱིས་རང་ སྒོགཔ་འདི་ཚུ་ ཐིམ་ཕུག་ཚུན་བསྐྱེལ་བར་འོང་པ་ཅིན་ ཀེ་ཇི་རེ་ལུ་ གོང་ཚད་ དངུལ་ཀྲམ་༣༥རེ་འབྱིན་གེ་ཟེར་སླབ་སྟེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ དར་དཀར་ན་ལས་ ད་ལྟོ་ཚུན་ཚོད་ ཐིམ་ཕུག་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ཁ་ལུ་ སྒོགཔ་ཀི་ཇི་སྟོང་ཕྲག་༢་དེ་ཅིག་ བཙོང་ཡོདཔ་ཨིན་མས།

དར་དཀར་ན་ལུ་ ཚོང་འབྲེལ་གྱི་དོན་ལུ་ སྒོགཔ་གི་ལཱ་འབད་མི་ མི་སེར་སོ་ནམ་པ་༢༠༠་ལྷགཔ་ཅིག་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ སྒོགཔ་གི་ལཱ་འབད་མི་འདི་ཡང་ ན་ཧི་ རྒྱ་གར་རྒྱལ་ཁབ་ཀྱིས་ སྒོགཔ་ཕྱིར་ཚོང་འཐབ་ནི་ལས་བཀག་ཆ་འབད་བའི་མཐའ་མར་ སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ མི་ཚུ་ལུ་ སྒོགཔ་གི་ལཱ་ རྒྱ་སྦོམ་སྦེ་འབད་དགོཔ་སྦེ་གསུང་པའི་ཤུལ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube