ཀྲོབ་མདའ་དང་ཇུ་ཌོ་གི་ནང་ལུ་ འབྲུག་པའི་ལུས་རྩལཔ་གཉིས་ ཕམ་ཡོདཔ།

༉ ཇ་པཱན་གྱི་རྒྱལ་ས་ ཊོ་ཡོ་ལུ་སྦེ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཨོ་ལོམ་པིག་གི་ནང་ལུ་ འབྲུག་པའི་ཀྲོབ་མདའ་རྐྱབ་མི་ གླེན་ཅུ་ཀུན་བཟང་འདི་ ད་ས་དྲོ་པ་ དྲག་ཤོས་༨ཀྱི་ནང་ལུ་ཚུད་མ་ཚུགསཔ་ལས་ ཕམ་སོང་ནུག

མོ་གིས་ མི་ཀྲར་༡༠འབད་མི་ ཀྲོབ་མདའ་རྐྱབ་ནི་གི་དབྱེ་ཁག་ནང་ལུ་དོ་འགྲན་འབད་བའི་སྐབས་ སྐུགས་༦༡༨ལྷགཔ་ཅིག་ལས་བརྒལ་ ཐོབ་མ་ཚུགསཔ་ལས་ སྐུགས་༡༠དེ་ཅིག་གིས་ དྲག་ཤོས་༨ཀྱི་ནང་ལུ་ ཚུད་མ་ཚུགསཔ་ཨིན་མས།

འདི་བཟུམ་སྦེ་ ཇུ་ཌོ་གི་དབྱེ་ཁག་ནང་ལུ་ འབྲུག་པའི་ལུས་རྩལཔ་ ངག་དབང་རྣམ་རྒྱལ་ཡང་ ཊར་ཀི་གི་རྩེད་འགྲན་པ་ལས་ ཕམ་སོང་ནུག

ངང་དབག་རྣམ་རྒྱལ་གྱིས་ ཇུ་ཌོ་འདི་ དུས་ཡུན་སྐར་མ་༡ལྷགཔ་ཅིག་གི་རིང་དོ་འགྲན་འབད་བའི་སྐབས་ལུ་ སྐུགས་གཅིག་གིས་ བདའ་མ་ཟུནམ་ཨིན་མས།

ཨོ་ལོམ་པིག་གི་ལས་རིམ་འདི་ནང་ལུ་ འབྲུག་ལས་ ལུས་རྩལཔ་༤་དང་ སློབ་སྟོན་པ་ཚུ་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ད་ འབྲུག་པའི་ལུས་རྩལཔ་གིས་ རྩལ་རྐྱབ་ནི་གི་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་འདི་ ད་རེས་ འགོ་དང་པ་ཨིན་མས།

ཨིན་རུང་ འབྲུག་པའི་སྡེ་ཚན་ནང་ལས་ མདའ་རྩེད་དང་རྩལ་རྐྱབ་མི་གི་ལུས་རྩལཔ་གཉིས་ཀྱིས་ ད་ལྟོ་ དབྱེ་ཁག་འདི་ནང་ལུ་ དོ་འགྲན་མ་འབད་བར་འདུག

དུས་ཅི་གི་ཨོ་ལོམ་པིག་ལས་རིམ་ནང་ལུ་ རྒྱལ་ཁབ་༡༤༦་ནང་ལས་ ལུས་རྩལཔ་སྟོང་ཕྲག་༡༡་ལྷགཔ་ཅིག་གིས་ དོ་འགྲན་འབད་བའི་བསྒང་རང་ཡོདཔ་ཨིན།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube