ཅ་དམ་གྱི་ཁྲལ་བརྒྱ་ཆ་༡༠བཀལ་མི་འདི་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ རྒྱ་གར་མ་གཏོགས་པའི་ གཞན་མི་རྒྱལ་ཁབ་ཚུ་ནང་ལས་ ཅ་ཆས་ནང་འདྲེན་འབད་བའི་སྐབས་ ཅ་དམ་གྱི་ཁྲལ་བརྒྱ་ཆ་༡༠་བཀལ་མི་འདི་ལུ་ རྒྱལ་ཁབ་ནང་གི་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ ཚ་གྱང་ལང་དགོཔ་ཐོན་ཏེ་འདུག

ཐིམ་ཕུག་ལུ་ཡོད་པའི་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བསོད་ནམས་ཆོས་འཕེལ་གྱིས་སླབ་མི་ནང་ ཅ་དམ་གྱི་ཁྲལ་མར་ཕབ་འབད་བའི་བསྒང་ལས་ ཕྱི་ལས་ ཅ་ཆས་ཁེ་ཏོག་ཏོ་སྦེ་ ནང་འདྲེན་འཐབ་མི་དང་ཅིག་ཁར་ དོ་འགྲན་འབད་དགོ་ནི་ཨིནམ་ལས་ ནང་འཁོད་ཀྱི་ཚོང་ལམ་ལུ་ ཐད་ཀར་དུ་ གནོད་པ་ཡོད་ཟེར་བཤད་ཅི།

ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་གི་བཟོ་གྲྭ་ བརྒྱ་ཆ་༩༥་ལྷགཔ་ཅིག་རང་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་ཨིནམ་སྦེ་བཀོད་དེ་འདུག

འདི་ཡང་ ད་རེས་ རྒྱལ་ཁབ་ནང་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཆོག་ཐམ་ལེན་ཏེ་ ཚོང་ལཱ་འབད་མི་ ཚོང་པ་སྟོང་ཕྲག་༢༢་དེ་ཅིག་ཡོད་མི་ཚུ་གིས་ མི་འབུམ་ལྷགཔ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་ཡང་ བྱིན་ཚུགས་ཏེ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ནང་འཁོད་ཚོང་འབྲེལ་འཐབ་མི་ཚུ་གིས་བཤད་མི་ནང་ ཅ་དམ་གྱི་ཁྲལ་བསྐྱར་ཞིབ་འབད་མི་འདི་གིས་ ཚོང་པ་དང་ ལཱ་གཡོག་གི་གོ་སྐབས་ཐོབ་མི་ག་ར་ལུ་ གནོད་ནི་མས་ཟེར་བཤད་ཅི།

ཅ་དམ་གྱི་ཁྲལ་ བརྒྱ་ཆ་༡༠་གུ་མར་ཕབ་འབད་མི་ འབྲུག་གི་ཅ་དམ་འཕྲི་སྣོན་དཔྱད་ཡིག་༢༠༢༡་ཅན་མ་འདི་ རྒྱལ་ཡོངས་ཚོགས་འདུ་གིས་ ཁ་ཙ་ ཆ་འཇོག་གནང་སྟེ་ཡོདཔ་ཨིན།

དཔྱད་ཡིག་འདི་ སྤྱི་ཚོགས་ནང་ལུ་ གསལ་ཞུ་ཕུལ་བའི་སྐབས་ གཞུང་གིས་ ཅ་དམ་གྱི་ཁྲལ་ བསྐྱར་ཞིབ་འབད་མི་འདི་ཡང་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་གི་ ཐོན་སྐྱེད་ཀྱི་རྒྱུ་ཆ་དང་ སྒམ་རྐྱབ་ནི་གི་ཅ་ཆས་ཚུ་ ནང་འདྲེན་འབད་ནི་གི་ ཁེ་ཕན་ལུ་དམིགས་ཏེ་ཨིནམ་སྦེ་ཞུ་ཡི།

ཨིན་རུང་ འདི་ལུ་ ནང་འཁོད་ཀྱི་ཚོང་པ་ཚུ་གིས་འབད་བ་ཅིན་ རྒྱུ་ཆ་ཚུ་གུ་ལུ་ ཧེ་མ་ལས་རང་ ཁྲལ་ཕོག་ནི་མེདཔ་ལས་ ཅ་དམ་གྱི་ཁྲལ་མར་ཕབ་འབད་རུང་ ཁྱད་པར་ཅིག་ ག་ནི་ཡང་ བཟོ་མི་ཚུགས་ཟེར་བཤད་ཅི།

ཐིམ་ཕུག་ལྕང་ཟམ་ཏོག་ལུ་ཡོད་པའི་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁྲོམ་ནང་ལུ་ ད་རེས་ ཚོང་པ་༤༠༠་དེ་ཅིག་གིས་ ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་པའི་བསྒང་རང་ཡོདཔ་ཨིན།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube