བུམ་ཐང་ལུ་ ནད་ཡམས་ལུ་ གདོང་ལེན་འབད་ནི་གི་ཐབས་ཚུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ།

༉ ལྷོ་ཕྱོགས་ཁ་ཐུག་གི་གཞུང་ལམ་འདི་ ད་རེས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ སྒོ་སྡམ་སྟེཡོདཔ་ལས་ ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་བར་ན་ལུ་ རྒྱུན་འགྲུལ་འཐབ་མི་ཚུ་ བུམ་ཐང་བརྒྱུད་དེ་རང་ འགྱོ་དགོཔ་ཐོན་ཏེ་ཡོདཔ་ཨིན།

འདི་འབདཝ་ལས་ བུམ་ཐང་ལུ་ ནད་ཡམས་འཕྱེལ་འགྱོ་ནི་གི་ཉེན་ཁ་སྦོམ་སྦེ་རང་ཡོད་ནི་འདི་གིས་ རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་ ད་རེས་ནངས་པར་ ནད་ཡམས་ལུ་གདོང་ལེན་འབད་ནི་གི་ཐབས་ལམ་ཚུ་བསྐྱར་ཞིབ་འབད་དེ་ བསྒྱུར་བཅོས་འབད་བའི་བསྒང་རང་འདུག

བུམ་ཐང་རྫོང་བདག་ སྐལ་བཟང་ཆོས་སྒྲོན་རྡོ་རྗེ་གིས་སླབ་མི་ནང་ བུམ་ཐང་ལུ་ ནད་ཡམས་ཐོབ་ནི་ཉེན་ཁ་ཡོད་མི་ སློབ་ཕྲུག་དང་མདུན་བཟང་སྟེ་ཕྱག་ཞུ་མི་ དེ་ལས་ མི་དམངས་སྐྱེལ་འདྲེན་གྱི་ཞབས་ཏོག་འབྱིན་མི་ཚུ་ དུས་དང་དུས་སུ་ བརྟག་དཔྱད་འབད་དེ་རང་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ དོན་དག་མེད་པར་ ཕྱི་རུ་ཆུ་ཚོད་ཕྱད་ད་༡༠དེ་ཅིག་ཁ་ལས་ ཕར་ཚུར་འགྱོ་མ་ཆོག་མི་དང་ བུམ་ཐང་ལུ་ སྡེ་ཚན་སྦེ་འོང་མི་ཚུ་ རྫོང་ཁག་འདི་ནང་ལུ་མ་འོང་པའི་ཧེ་མ་ལས་ འབྲེལ་འཐབ་བཅུག་སྟེ་རང་ཡོདཔ་སྦེ་ཨིན་མས།

ཨིན་རུང་ བུམ་ཐང་རྫོང་བདག་ སྐལ་བཟང་ཆོས་སྒྲོན་རྡོ་རྗེ་གིས་སླབ་མི་ནང་ རྫོང་ཁག་བདག་སྐྱོང་ལུ་ རྒྱབ་སྐྱོར་འབད་དགོ་པའི་འགན་ཁུར་འདི་ མི་ངོ་རེ་རེ་བཞིན་དུ་ལུ་ ཕོག་ཟེར་བཤད་ཅི།

བུམ་ཐང་ལུ་ ག་དེ་ཅི་འབད་ ནད་ཡམས་འདི་ ཁྱབ་ཆེ་ཏོག་ཏོ་སྦེ་རང་འཕྱེལ་འགྱོ་བ་ཅིན་ འདི་ལུ་ གདོང་ལེན་འབད་ནི་གི་དོན་ལུ་ རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་ ལུང་ཕྱོགས་དང་རྫོང་ཁག་ནང་ལས་ མི་ཐེབ་ཡང་ གྲ་སྒྲིག་སྦེ་ བཞག་སྟེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ མི་༤༠༠དེ་ཅིག་ཤོང་ཚུགས་པའི་བཟའ་ཁང་༡༠དེ་ཅིག་ཡང་ ཟུར་བཞག་ལྟེ་བ་གི་དོན་ལུ་ ངོས་འཛིན་འབད་དེ་ཡོདཔ་མ་ཚད་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ ནང་འཁོད་རྩུབ་སྤྱོད་ཀྱི་ཉམས་རྒུད་བྱུང་མི་དང་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ལུས་མི་ཚུ་བཞག་ས་ཡང་ ངོས་འཛིན་འབད་དེ་འདུག

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube