ཉེན་སྲུང་གི་མ་དངུལ་ལུ་བརྟེན་ ཕྱག་སྙིགས་འཛིན་སྐྱོང་ལུ་ཕན་ཐོགས།

༉ བུམ་ཐང་ཆོས་འཁོར་རྒེད་འོག་ནང་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་གི་ནང་དོག་ ཕྱག་སྙིགས་འཛིན་སྐྱོང་འབད་ནི་གི་དོན་ལུ་ ཉེན་སྲུང་གི་མ་དངུལ་བསྡུ་མི་འདི་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་ནུག

འདི་ཡང་ ན་ཧིང་ དབང་ཕྱུག་བརྒྱ་འཁོར་རྒྱལ་ཡོངས་གླིང་ག་དང་ རྒེད་འོག་ཡིག་ཚང་གིས་ ལམ་ལུགས་འདི་ འགོ་བཙུགས་པའི་ཤུལ་ དབྱར་རྩྭ་དགུན་འབུབ་འཐུ་སའི་ས་གོ་ནང་ལུ་ ཕྱག་སྙིགས་མར་ཕབ་འབད་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་མས།

ན་ཧིང་ ལམ་ལུགས་འདི་ འགོ་བཙུགས་པའི་ཤུལ་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་གིས་ ཟླ་ངོ་གཅིག་གི་རིང་ལུ་ འབུབ་འཐུ་སྟེ་ ལོག་པའི་སྐབས་ལུ་ ཕྱག་སྙིགས་ཚུ་ ལམ་ཐག་རིང་སའི་ས་གནས་ གངས་དཀར་སྤུན་གསུམ་ལས་ཡང་ ཕྱག་སྙིགས་ཚུ་བསྡུ་ལེན་འབད་དེ་ འབག་འོང་ནུག

ཕྱག་སྙིགས་ཚུ་ཡང་ ཕྱག་སྙིགས་བཀོ་སའི་ས་གོ་ནང་ལུ་བཀོ་བའི་ཤུལ་ ཉེན་སྲུང་གི་མ་དངུལ་ དངུལ་ཀྲམ་སྟོང་ཕྲག་གཅིག་ བཙུགས་ཡོད་མི་འདི་ ལོག་ལེན་འབགཔ་ཨིན་མས།

ཁོང་དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་རེ་གིས་ རུལ་མ་བཏུབ་པའི་ཕྱག་སྙིགས་ ཉུང་ཤོས་ར་ཀེ་ལྗིད་༥རེ་ འབག་འོང་དགོཔ་ཨིན་མས།

ན་ཧིང་ཚུན་ཚོད་ མི་ཚུ་ལས་ ཉེན་སྲུང་གི་མ་དངུལ་འདི་ མ་བསྡུ་ཚུན་ཚོད་ མི་ཚུ་གིས་ ལོག་འོང་པའི་སྐབས་ལུ་ ཕྱག་སྙིགས་བརྒྱ་ཆ་༣༠དེ་ཅིག་ཡང་ འབག་འོང་དོ་མེདཔ་ཨིན་མས།

ཨིན་རུང་ ལམ་ལུགས་འདི་ ལག་ལེན་འཐབ་ནི་འགོ་བཙུགས་པའི་ཤུལ་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་གིས་ ཁོང་གི་འབག་མི་ཅ་ལ་ཚུ་ གསལ་སྟོན་འབད་དེ་ ལོག་ཁྱིམ་ནང་འོང་པའི་སྐབས་ འདི་གི་ཕྱག་སྙིགས་ཚུ་ ལོག་འབག་འོང་དགོཔ་ཨིན་མས།

འདི་དང་ཅིག་ཁར་ ན་ཧིང་ མི་རེ་གིས་ ཕྱག་སྙིགས་ཀེ་ལྗིད་༥ འབག་འོང་དགོཔ་སྦེ་ཡོད་མི་འདི་ ལང་མི་ཚུགས་དོ་ཡོདཔ་ལས་ དུས་ཅི་ལས་ ཕྱག་སྙིགས་ ཀེ་ལྗིད་༣འབག་འོང་དགོཔ་སྦེ་ མར་ཕབ་འབད་ནུག

འགོ་དཔོན་ཚུ་གིས་སླབ་མི་ནང་ ལ་ཁ་ལས་ཕར་ རུལ་མ་བཏུབ་པའི་ ཕྱག་སྙིགས་བཀོ་མི་འདི་གིས་ སྐྱེས་ལྡན་གནས་སྟངས་ཀྱི་རིམ་ལུགས་ནང་ལུ་ གནོད་པ་འདུག་ཟེར་བཤད་ཅི།

དབང་ཕྱུག་བརྒྱ་འཁོར་རྒྱལ་ཡོངས་གླིང་ག་གིས་ ཤུལ་མའི་ རྩིས་ལོ་ནང་ལས་ ལ་བཤལ་དང་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་སའི་ ལམ་བདའ་ ས་གནས་ཀྱི་མི་སེར་དང་ ཁས་བླངས་པ་ཚུ་དང་ཅིག་ཁར་ ཕྱག་བརྡར་གྱི་ལས་རིམ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་མས།

བུམ་ཐང་དང་ དབང་འདུས་ཕོ་བྲང་འོག་གི་ དབང་ཕྱུག་བརྒྱ་འཁོར་རྒྱལ་ཡོངས་གླིང་ག་གི་ ས་བདའ་སྟེ་ དབྱར་རྩྭ་དགུན་འབུབ་འཐུ་སའི་ས་གོ་༨༠ལྷགཔ་ཅིག་ཡོད་མི་འདི་ རྒྱལ་ཁབ་ནང་ལུ་ དབྱར་རྩྭ་དགུན་འབུབ་འཐུ་སའི་ ས་གོ་སྦོམ་ཤོས་ཅིག་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ སྐྱིདཔ་བཅུ། བུམ་ཐང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube