ཕོ་སྐྱེས་༡ ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་དོགས་པ་ལས་བརྟེན་ དོ་དམ་འོག་ལུ་བཞག་ཡོདཔ།

༉ གཞལ་སྒང་ པཱན་སྦང་ལུ་ ལོ་༢༢ ལང་མི་ ཕོ་སྐྱེས་གཅིག་ ན་ཚོད་མ་ལོན་པའི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ དོགས་པ་ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་མས།

པཱན་སྦང་ལུ་ སློབ་གྲྭ་ཅིག་ནང་ སློབ་རིམ་༨ པའི་ སློབ་ཕྲུག་ཨིན་མི་ ལོ་༡༦ ལང་མི་བུམོ་འདི་ ཨ་ལུ་ཆགས་ཏེ་ ད་རེས་ཟླཝ་༦ ལང་ཡོདཔ་དང་ དོགས་པ་ཅན་ཕོ་སྐྱེས་འདི་ ད་རེས་ཀྱི་ཟླཝ་ འགོ་བཙུགས་ཁམས་ལུ་བཟུང་ནུག

གནས་ཚུལ་བྱིན་མི་ཚུ་དང་འཁྲིལ་བ་ཅིན་ བུམོ་འདི་ ཨ་ལུ་ཆགས་ཏེ་ཡོད་པའི་ རྟགས་མཚན་ཚུ་བཏོན་པའི་ཤུལ་ལུ་ སློབ་གྲྭའི་དབང་འཛིན་གྱིས་ དོགས་པ་ཆགས་ཏེ་ སྨན་ཁང་ནང་བརྟག་དཔྱད་འབད་བར་ བཀལ་ཡོདཔ་སྦེ་ཨིན་མས།

བརྟག་དཔྱད་ཀྱི་སྐབས་ ཨ་ལུ་ཆགས་ཏེ་ཡོདཔ་སྦེ་ འཐོན་པའི་ཤུལ་ལུ་ སློབ་གྲྭའི་འཛིན་སྐྱོང་གིས་ གནད་དོན་འདི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག

ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ དོགས་པ་ཅན་ཕོ་སྐྱེས་འདི་ བུམོ་འདི་དང་གཅིག་ཁར་ དགའ་མཐུན་གྱི་འབྲེལ་བ་ཡོདཔ་སྦེ་ ཧ་གོ་ནུག

ཕོ་སྐྱེས་འདི་ བདུན་ཕྲག་༢ དེ་ཅིག་གི་ཧེ་མ་ བཟུང་ཞིནམ་ལས་ ད་རེས་ གནད་དོན་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་སྟེ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ པདྨ་བསམ་གྲུབ། གཞལ་སྒང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube