རྩེད་རིགས་ཀྱི་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་མི་བཅུག་ནི་ཨིནམ།

༉ འབྲུག་ཨོ་ལོ་པིག་ཚོགས་པ་གིས་ ད་ལས་ཕར་ གསལ་བསྒྲགས་མ་འབད་ཚུན་ཚོད་ རྩེད་རིགས་ཀྱི་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་ནི་གི་ གནང་བ་མི་འབྱིན་ནི་སྦེ་འདུག

འདི་ཡང་ རྒྱལ་ཁབ་ནང་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་ གནས་སྟངས་ལས་བརྟེན་ཏེ་ཨིན་ཟེར་བཤད་དེ་ཡོདཔ་མ་ཚད་ ཕྲལ་ཁམས་ཅིག་ཁར་ བློན་ཆེན་ཡིག་ཚང་ནང་ལས་ མི་མང་ལུ་ ན་ཐེ་འབད་དགོཔ་སྦེ་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་ཏེ་ཡང་ཨིནམ་སྦེ་བཤད་ཅི།

འབྲུག་ཨོ་ལོ་པིག་ཚོགས་པ་གིས་ གཟའ་ལྷགཔ་གི་ཚེ་བཏོན་མི་ཁྱབ་བསྒྲགས་དང་འཁྲིལ་བ་ཅིན་ རྩེད་རིགས་ཚོགས་པ་ཚུ་གིས་ རྩེད་རིགས་ཀྱི་ལས་རིམ་ཚུ་ ད་རེས་ནངས་པ་རང་ འགོ་འདྲེན་འཐབ་ནི་གི་འཆར་གཞི་ཡོད་པ་ཅིན་ ཕར་འཕུལ་རྐྱབ་སྟེ་ ཤུལ་ལས་འགོ་འདྲེན་འཐབ་དགོཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཚོགས་པ་འདི་གིས་ ད་རེས་གནང་བ་འབྱིན་ཚར་ཏེ་ཡོད་མི་ རྩེད་རིག་དང་སྦྱོང་བརྡར་ དེ་ལས་ འགྲན་བསྡུར་ལས་རིམ་ཚུ་འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྒྲིག་གཞི་ལུ་ དམ་དམ་སྦེ་རང་ གནས་དགོཔ་སྦེ་ཨིན་མས།

ཁྱབ་བསྒྲགས་འདི་དང་འཁྲིལ་ཏེ་ འབྲུག་རྐང་རྩེད་ཚོགས་པ་གིས་ ཁ་ཙ་ སློབ་གྲྭ་ཆེ་བ་ཚུ་གི་ནང་དོ་ རྐང་རྩེད་ཀྱི་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ནི་སྦེ་ཡོད་མི་འདི་ ཕར་ཕུལ་རྐྱབ་ནི་སྦེ་ མཐའ་བཅད་དེ་འདུག

ལས་རིམ་འདི་ འབྲུག་ཨོ་ལོམ་པིག་ཚོགས་པ་ནང་ལས་ གནང་བ་ཐོབ་སྟེ་ཡོདཔ་ལས་ ད་རེས་ཀྱི་ཟླཝ་མཇུག་བསྡུ་ཁམས་ཅིག་ལས་ འགོ་བཙུགས་ནི་སྦེ་སྡོད་ནུག

འདི་ལུ་ འབྲུག་རྐང་རྩེད་ཚོགས་པ་ནང་ལས་ ་བརྒྱུད་འབྲེལ་དང་ཚོང་འབྲེལ་ལས་ཚན་གྱི་འོག་འཛིན་ ཕུན་ཚོགས་དབང་འདུས་ སློབ་གྲྭ་མང་ཤོས་ཅིག་རང་ རྐང་རྩེད་འགྲན་བསྡུར་འདི་ལས་བརྟེན་ཏེ་ ནད་ཡམས་འཕྱེལ་འགྱོ་ནི་གི་ཉེན་ཁ་ ཆེ་སུ་ཅིག་སྦེ་ཐོན་ནི་མས་ཟེར་ ཚ་གྱལ་ལང་ནི་འདི་གིས་ཨིན་ཟེར་བཤད་ཅི།

ཨིན་རུང་ འབྲུག་རྐང་རྩེད་ཚོགས་པ་གིས་ འགྲན་བསྡུར་འདི་ ནད་ཡམས་ཀྱི་གནས་སྟངས་ ལེགས་ཤོམ་འགྱོཝ་ཅིག་རང་ འགོ་འདྲེན་འཐབ་ནི་སྦེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ འབྲུག་རྐང་རྩེད་ཚོགས་པ་གིས་ ལོ་བསྟར་བཞིན་དུ་རང་ འགོ་འདྲེན་འཐབ་མི་ ལས་ཁུངས་ཁག་གི་བར་ནའི་རྐང་རྩེད་འགྲན་བསྡུར་དང་ མི་རྒས་ཤོས་ཚུ་གི་འགྲན་བསྡུར་འདི་ཡང་ འགོ་འདྲེན་འཐབ་མ་ཚུགས་པར་འདུག

རྒྱལ་ཁབ་ནང་ལུ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ལས་ རྩེད་རིགས་ཀྱི་འགྲན་བསྡུར་ཚུ་ ལོག་སྟེ་རང་འགོ་འདྲེན་འཐབ་པའི་ཤུལ་ འབྲུག་ཨོ་ལོམ་པིག་ཚོགས་པ་གིས་ ད་ལྟོ་ཚུན་ཚོད་ ཐིམ་ཕུག་ལུ་རང་ འགྲན་བསྡུར་ཁག་དྲུག་འགོ་འདྲེན་འཐབ་ནི་གི་ གནང་བ་འབྱིན་ཏེ་ཡོདཔ་ཨིན།

གནས་ཚུལ་བསྡུ་ལེན་པ་ པ་སངས་རྡོ་རྗེ། ཐིམ་ཕུག

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube