མི་སྡེ་དང་མཐའ་འཁོར་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ ཚོང་འབྲེལ་གྱི་སྦྱོང་བརྡར་ལས་རིམ།

༉ རྒྱལ་ཁབ་ནང་ལུ་ ད་རེས་ མི་སྡེ་དང་མཐའ་འཁོར་ལུ་ ཕན་ཐོགས་ཡོད་པའི་ཚོང་འབྲེལ་འཐབ་མི་འདི་ དེ་ཅིག་རང་ མེདཔ་སྦེ་ཨིན་མས།

འདི་འབདཝ་ལས་ འདི་བཟུམ་གྱི་ཚོང་འབྲེལ་འགོ་བཙུགས་ནི་ནང་ ལྷན་ཐབས་འབྱུང་ནི་གི་དོན་ལས་ ཚོང་ལཱ་འགོ་བཙུག་ནི་དོན་ལུ་ ལྷབ་སྦྱང་འབད་གེ་ཟེར་བའི་ལས་རིམ་ཅིག་ ད་རིས་ ཨི་ནོ་བྷེཊ་བྷུ་ཊན་ཟེར་མི་ལས་སྡེ་དང་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་གཉིས་ཀྱིས་ གསར་བཏོན་འབད་ཡི།

ལས་རིམ་འདི་གིས་ འདི་བཟུམ་གྱི་ཚོང་འབྲེལ་འགོ་བཙུགས་ནི་ནང་ དང་འདོད་ཡོད་མི་ན་གཞོན་ཚུ་ལུ་ ཤེས་ཡོན་ཚུ་འབྱིན་དོ་ཡོདཔ་ཨིན་མས།

ལས་རིམ་འདི་ནང་ལུ་ མཇུག་ལས་མཇུག་སུ་ ཚོང་པ་ལུ་འགྱུར་ནི་ཨིན་མི་ ན་གཞོན་༣༠ གིས་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན།

ལས་རིམ་འདི་ནང་ གྲལ་ཁར་གཏོགས་མི་ཚུ་ལུ་ ཚོང་འབྲེལ་གྱི་གནས་སྐབས་གུ་ལཱ་འབད་བའི་སྐབས་ ཉམས་མྱོང་ཡོད་པའི་སློབ་སྟོན་པ་ཚུ་གིས་ འོས་འབབ་ཡོད་པའི་ཐབས་ལམ་ཚུ་བཀོད་དེ་ རྒྱབ་སྐྱོར་འབད་ནི་ཨིན་མས།

ན་གཞོན་གོང་འཕེལ་མ་དངུལ་ནང་ལས་ མི་སྡེ་ཚོང་ལས་གཙོ་འཛིན་ ཀུན་ལེགས་བསྟན་འཛིན་གྱིས་སླབ་མི་ནང་ ཨི་ནོ་བྷེཊ་བྷུ་ཊན་གྱི་ལས་རིམ་འདི་ ན་གཞོན་གོང་འཕེལ་མ་དངུལ་གྱིས་ འབྲུག་ལུ་ མི་སྡེ་ཚོང་འབྲེལ་གྱི་འགོ་ཁྲིདཔ་ཚུ་ཡར་དྲག་བཏང་ཞིནམ་ལས་ ནང་འཁོད་ལུ་ ཚོང་འབྲེལ་གྱི་ཕན་ཐོགས་ཚུགས་མི་དང་ རྒྱལ་སྤྱི་གི་གནད་ཚད་ཁར་ ཚོང་འབྲེལ་འཐབ་ཚུགས་མི་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ལུ་ འགོ་བཙུགས་ཡོདཔ་སྦེ་བཤད་ཅི།

ད་རུང་ ན་གཞོན་གོང་འཕེལ་མ་དངུལ་གྱིས་ གྲལ་ཁར་གཏོགས་མི་ཚུ་ལུ་ མི་སྡེ་ཚོང་ལས་ཀྱི་ཐབས་ཤེས་ཚུ་གི་སྐོར་ལས་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་སྦེ་ཨིན་མས།

ལས་རིམ་འདི་གིས་ ཚོང་འབྲེལ་གྱི་རིག་པ་འདི་ ཚོང་ངོ་མ་ལུ་འགྱུར་ཚུགསཔ་སྦེ་འབད་ནི་གི་དོན་ལུ་ དང་འདོད་ཡོད་མི་ན་གཞོན་ཚུ་ལུ་ རིག་རྩལ་གྱི་མ་དོ་བར་ སེམས་ཤུགས་དང་བློ་སྟོབས་ཚུ་ཡང་འབྱིན་ནི་ནང་ དམིགས་གཏད་བསྐྱེདཔ་ཨིན་མས།

འདི་ལུ་ སྦྱོང་བརྡར་འདི་ནང་ལུ་ བཅའ་མར་གཏོགས་མི་ཚུ་གིས་སླབ་མི་ནང་ ལས་རིམ་འདི་གིས་ རིག་པ་དང་གནས་སྐབས་འདི་ཚུ་ ལག་ལེན་དངོས་སུ་སྦེ་ འཐབ་ཚུགསཔ་སྦེ་འབད་ནི་ནང་ ཕན་ཐོགས་ཡོདཔ་མ་ཚད་ ལས་རིམ་འདི་གིས་ ཚོང་འབྲེལ་ལུ་ཉམས་མྱོང་ཡོད་མི་ གཞན་མི་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་ཚུགསཔ་བཟོ་ཚུགས་པའི་ ཁེ་ཕན་འདུག་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ལས་རིམ་འདི་གིས་ ཚོང་ལཱ་འབད་མི་ཚུ་ལུ་ མ་དངུལ་མེད་མི་དང་ ལམ་སྟོན་འབད་མི་མེད་པའི་ གདོང་ལེན་འབྱུང་མི་ཚུ་ཡང་ དཀའ་ངལ་ཚུ་ སེལ་ཚུགས་དོ་ཡོདཔ་སྦེ་ཨིན་མས།

བདུན་ཕྲག་༧ གྱི་ལས་རིམ་འདི་ མཇུག་བསྡུ་བའི་བསྒང་ལས་ ཚོང་འབྲེལ་གྱི་གནས་སྐབས་དྲག་ཤོས་གཉིས་བཏོན་ཞིམ་ལས་ ཚོང་འགོ་བཙུགས་ནི་གི་དོན་ལས་ མ་དངུལ་གྱི་རྒྱབ་སྐྱོར་ཡང་ དངུལ་ཀྲམ་འབུམ་༢ རེ་ འབྱིན་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཡེ་ཤེས་རྡོ་རྗེ། ཐིམ་ཕུག

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube