གཟའ་ཉི་མ། ༢༠༢༡ ཟླ་༧ པའི་སྤྱི་ཚེས་༢༤

དོས་གླ་ཡར་སེང་འགྱོ་མི་ལས་བརྟེན་ཏེ་ ཅ་རྣམ་གྱི་གོང་ཚད་ཡར་སེང་།

སྤྱི་ཟླ་༡ པའི་ཚེས་ ༩ ༢༠༢༡

༉ ན་ཧིང་ སྤྱི་ཟླ་༧པ་ལས་༡༠པ་གི་བར་ན་ལུ་ ཅ་ཆས་དང་ཞབས་ཏོག་གི་གོང་ཚད་འདི་ སྤྱིར་སྙོམ་ལུ་ བརྒྱ་ཆ་༨མ་ལངམ་ཅིག་གིས་ ཡར་སེང་སོང་སྟེ་འདུག

འདི་ཡང་ སྤྱི་ལོ་༢༠༡༩གི་ སྤྱི་ཟླ་༧པ་ལས་༡༠པ་གི་བར་ན་ལུ་ གོང་ཚད་ཡར་སེང་འགྱོ་མི་དང་ཕྱད་པ་ཅིན་ མཐོ་ཤོས་ཅིག་ཨིན་མས།

གནད་དོན་འདི་ཡང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ ཟླ་རིམ་བཞིན་བཏོན་དོ་ཡོད་པའི་ སྙན་ཞུ་ནང་ལུ་ གསལ་སྟོན་འབད་དེ་ཡོདཔ་ཨིན།

སྙན་ཞུ་དང་འཁྲིལ་བ་ཅིན་ ཅ་ཆས་ཀྱི་གོང་ཚད་ཡར་སེང་འགྱོ་མི་འདི་ཡང་ ཤ་དང་ཚོད་བསྲེ་ དེ་ལས་ ཤིང་འབྲས་དང་སྒོ་ནོར་གྱི་ཐོན་སྐྱེད་ཚུ་གི་གོང་ཚད་ཚུ་ ཡར་སེང་འགྱོ་ནི་འདི་གིས་ ཡར་འཛེག་བཅུག་སྟེ་འདུག

གོང་ཚད་འདི་ཡང་ སྤྱིར་སྙོམ་ལུ་ བརྒྱ་ཆ་༢༠གིས་ ཡར་སེང་སོང་སྟེ་ཡོདཔ་ཨིན་མས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༩གི་སྤྱི་ཟླ་༡༠པ་ལས་ སྤྱི་ལོ་༢༠༢༠གི་སྤྱི་ཟླ་༡༠པ་གི་བར་ན་ལུ་ རྡོག་མ་དང་པ་ནི་གི་གོང་ཚད་འདི་ཡང་ བརྒྱ་ཆ་༢༠གིས་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ཟེར་ཨིན་མས།

དེ་ལས་ བཟའ་འཐུང་མིན་པའི་ཅ་རྣམ་གྱི་གོང་ཚད་འདི་ སྤྱིར་སྙོམ་ལུ་ བརྒྱ་ཆ་༢མ་ལངམ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ་ཨིན་མས།

བཟའ་འཐུང་མིན་པའི་ཚོང་ཆས་ཚུ་གི་ནང་ལས་ཡང་ བགོ་ལ་དང་ལྷམ་ དེ་ལས་ ཐབ་ཆས་ཚུ་གི་གོང་ཚད་འདི་ ལེ་ཤ་སྦེ་རང་ ཡར་སེང་སོང་སྟེ་འདུག་ཟེར་ཨིན་མས།

འདི་འབདཝ་ལས་ དངུལ་ཀྲམ་གྱི་གནས་གོང་འདི་ བརྒྱ་ཆ་༧དེ་ཅིག་གིས་ མར་ཕབ་འགྱོ་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༡༢ལུ་ དངུལ་ཀྲམ་༦༧གྱིས་ཉོ་ཚུགས་མི་ཅ་ལ་ཅིག་ལུ་ ད་རེས་ དངུལ་ཀྲམ་བརྒྱ་རེ་ གནས་དོ་ཡོདཔ་སྦེ་ཨིན་མས།

ཚོང་པ་ཚུ་གིས་སླབ་མི་ནང་ ཅ་ཆས་ཚུ་གི་གོང་ཚད་ཡར་སེང་འགྱོ་དགོ་མི་འདི་ ཅིག་ ད་རེས་ནད་ཡམས་ཐོན་སྡོད་པའི་ནམ་དུས་ལུ་ དོས་གླ་མཐོ་སུ་སྦེ་རང་ གནས་ནི་འདི་གིས་ཨིན་ཟེར་བཤད་ཅི།

འདི་ཡང་ དཔེར་ན་ སྤ་ས་ཁ་ལས་ མོང་སྒར་ལུ་ ཚོང་བསྐྱེལ་བའི་སྐབས་ལུ་ དོས་གླ་དངུལ་ཀྲམ་སྟོང་ཕྲག་༢༢ལས་བརྒལ་མ་སླབ་རུང་ ད་རེས་ དངུལ་ཀྲམ་སྟོང་ཕྲག་༣༥དེ་རེ་ སྤྲོད་དགོ་ཏེ་ཡོདཔ་སྦེ་ཨིན་མས།

ནད་ཡམས་ཀྱི་གནས་སྟངས་འདི་ ཞི་ནི་རང་མེད་པའི་བསྒང་ལས་ ཅ་ཆས་ཚུ་གི་གོང་ཚད་འདི་ཡང་ དཔལ་འབྱོར་དང་འབྲེལ་བའི་ལཱ་ཚུ་ ཨ་རྟག་ཧ་ལུགས་སྦེ་ འབད་མ་ཚུགས་ཚུན་ཚོད་ ཡར་སེང་འགྱོ་སྟེ་རང་སྡོད་ནི་བཟུམ་ཅིག་ཡོདཔ་སྦེ་བཤད་ཅི།

 

གནས་ཚུལ་བསྡུ་ལེན་པ་ ཕུརཔ་རྒྱལམོ།