གཟའ་ལྷག་པ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༩

ཌོརན་བཟོ་མི་སངྱས་རྡོ་རྗེ།

སྤྱི་ཟླ་༡ པའི་ཚེས་ ༤ ༢༠༢༡

༉ འགྲོ་འགྲུལ་བཀག་དམ་གྱི་ནམ་དུས་ལུ་ མི་ཚུ་ཁྱིམ་ནང་རང་སྡོད་དགོ་ནི་འདི་གིས་ ཕྱི་ཁར་ཐོན་མ་ཆོག་རུང་ འཕྲུལ་རིག་གི་ཐོག་ལས་ ཅ་ཆས་ཚུ་གསརཔ་བཟོ་ནི་ནང་ལུ་ བར་ཆད་མ་འབྱུང་པར་འདུག

 ཐིམ་ཕུག་ལུ་ འདི་བཟུམ་གྱི་གནས་སྟངས་ནང་ལུ་ ན་གཞོན་ཅིག་ཨིན་མི་ སངྱས་རྡོ་རྗེ་གིས་ ཁྱིམ་ནང་ལུ་རང་སྡོད་ཞིན་ན་ འཕྲུལ་ཆས་ ཌོརན་ཟེར་མི་འཕྲུལ་ཆས་ཅིག་ བཟོ་ཚུགས་ཏེ་ཡོདཔ་ཨིན་མས།

  འདི་འབདཝ་ལས་ རྒྱལ་ཁབ་ནང་ལུ་ འདི་བཟུམ་གྱི་འཕྲུལ་ཆས་འགོ་དང་པ་བཟོ་མི་ཚུ་གི་གྲལ་ཁར་ ཅིག་འདི་ སངྱས་རྡོ་ཡང་ཚུད་དེ་འདུག

  སྐྱེས་ལོ་༢༣ལང་མི་སངྱས་རྡོ་རྗེ་འདི་ མ་ལེ་ཤི་ཡ་ལུ་ ཌོརན་དང་འབྲེལ་བའི་ལས་སྡེ་ནང་ལུ་ ལོ་ངོ་གཉིས་ཀྱི་རིང་ལཱ་འབད་བའི་ཤུལ་ ན་ཧིང་ སྤྱི་ཟླ་༨པའི་ནང་ལུ་ རྒྱལ་ཁབ་ནང་ལུ་ ལོག་འོང་ནུག

 ཌོརན་ཟེར་མི་འཕྲུལ་ཆས་འདི་ ཚད་འཛིན་འཕྲུལ་ཆས་ཀྱི་ཐོག་ལས་ གནམ་ཁར་འཕུར་བཅུག་ཡི་རང་ པར་བཏབ་ནི་དང་ཅ་ཆས་བསྐྱེལ་ནི་ཚུ་གི་ནང་ལུ་ གཡོག་བཀལ་བཏུབ་མི་ འཕྲུལ་ཆས་ཅིག་ཨིན་མས།

 སངྱས་རྡོ་རྗེ་གིས་ ཌོརན་གི་ལས་སྡེ་ནང་ལུ་ལཱ་འབད་ནི་འགོ་བཙུགས་པའི་ཤུལ་ ཌོརན་ཚུ་བཟོ་ཡི་རང་ སྡོད་ཡོདཔ་ཨིན་མས།

 ཁོ་གིས་ ཌོརན་འདི་ འགྲོ་འགྲུལ་བཀག་དམ་གྱི་ནང་ལུ་མ་དོ་བར་ ཕྲལ་ཕྲལ་འབད་ཡི་རང་བཟོ་ཞིན་ན་ བཏུབ་མི་བཏུབ་ལྟ་སྡོད་དོ་ ཡོདཔ་སྦེ་བཤད་ཅི།

 འགྲོ་འགྲུལ་བཀག་དམ་ལས་བརྟེན་ཏེ་ ཁོ་གིས་ ཌོརན་བཟོ་ཚུགས་ནི་འདི་གིས་ འགྲོ་འགྲུལ་བཀག་དམ་གྱི་དུས་ཚོད་འདི་ ཁེ་ཕན་ཅན་གྱི་དུས་ཚོད་ཅིག་ལུ་འགྱུར་ཏེ་ཡོདཔ་སྦེ་ཨིན་མས།

 ཁོ་གིས་བཟོ་མི་ཌོརན་འདི་ ལཱ་འབད་བཏུབ་དོ་ཡོད་རུང་ འདི་ནང་ལུ་ པར་ཆས་ཚུ་བཙུགས་བཙུགསཔ་ མེདཔ་སྦེ་བཤད་ཅི།

 སངྱས་རྡོ་རྗེ་གིས་སླབ་མི་ནང་ འབྲུག་ལུ་ ཌོརན་བཟོ་བ་ལུ་ ཅ་ཆས་ཚུ་ཐོབ་མ་ཚུགས་པའི་ཁར་ འདི་བཟུམ་གྱི་འཕྲུལ་ཆས་བཟོ་བ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ཡང་མིན་འདུག་ཟེར་ཨིན་མས།

 ཨིན་རུང་ ག་དེ་ཅིག་འབད་ རྒྱབ་སྐྱོར་འབད་མི་རང་ཐོན་པ་ཅིན་ འཕྲུལ་ཆས་མ་འདྲཝ་ལེ་ཤ་ཅིག་རང་ བཟོ་ཚུགས་ནི་མས་ཟེར་བཤད་ཅི།

 འབྲུག་ལུ་ ནད་ཡམས་ཐོན་སྡོད་པའི་ནམ་དུས་ལུ་ ཌོརན་འདི་ ཅ་ཆས་ཕར་ཚུར་ བསྐྱེལ་ནི་དང་ལེན་ནི་ནང་ལུ་ ལག་ལེན་འཐབ་བཏུབ་ནི་མས་ཟེར་ཨིན་མས།

 ད་རུང་ ཌོརན་འདི་ བརྡ་བརྒྱུད་ཚུ་གིས་ པར་བཏབ་ནི་དང་ སོ་ནམ་གྱི་ལཱ་འབད་ནི་ནང་ལུ་ཡང་ གཡོག་བཀལ་བཏུབ་ཟེར་བཤད་ཅི།

 ཨིན་རུང་ སངྱས་རྡོ་རྗེ་གིས་ ཁོ་རའི་ཨའི་མ་ཕྱད་པར་ ཡུན་རིངམོ་སྦེ་རང་སོང་ཡོདཔ་ལས་ ལོག་རྒྱལ་ཁབ་ནང་ལུ་ ཨའི་གི་ཞབས་ཏོག་ཞུ་ནི་གི་དོན་ལུ་ འོང་ནུག

 སངྱས་རྡོ་རྗེ་འདི་ ཆུང་ཚད་མའི་བསྒང་ལས་རང་ ཁོ་རའི་ཕམ་ཡ་གཅིག་ ཨའི་གིས་ གསོ་ཡོདཔ་སྦེ་བཤད་ཅི།

 

 གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ།