༉ འབྲུག་གི་གནས་རྩ་ཅན་ཚུ་ནང་ འཐུས་བསྡུ་ལེན་དང་འབྲེལ་བའི་ ཚུལ་མིན་ལོག་སྤྱོད་འབད་བའི་གནད་དོན་ནང་ ཁྲིམས་སྲུང་འགག་པ་༣༧ དང་ ལྟ་བཤལ་ལམ་སྟོན་པ་༣༧༧ དེད་གཡོགཔ་ དེ་ལས་ འབྲེལ་སྟེགས་འགོ་དཔོན་༥ གི་ རྩོད་གཞི་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་ཨིན་པས།
དེ་ཡང་ སྤ་རོ་སྟག་ཚང་དང་ སྤུ་ན་ཁ་རྫོང་གི་ས་ཁོངས་ནང་ ཚུལ་མིན་འཐབ་ཡོད་པའི་ གནད་དོན་ཚུ་ སྤྱི་ཟླ་༦ པ་དང་༧ པའི་ནང་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ད་ འདི་བཟུམ་གྱི་ གནས་རྩ་ཅན་གྱི་ས་ཁོངས་ཁག་གཉིས་ནང་ སྡེ་ཚན་ཚུ་གིས་ འཐུས་ཚུ་རྒྱ་ཆེ་དྲགས་སྦེ་ར་ ཚུལ་མིན་ཐོག་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
སྤ་རོ་ལས་ ཁྲིམས་སྲུང་འགག་པ་༣༣ ལཱ་གཡོག་གི་ ཁེ་ཕན་འཐུས་ཚུ་ ག་ནི་ཡང་མ་ཐོབ་སྦེ་ བཏོན་བཏང་ཡོདཔ་ད་ དེ་ཡང་ ཁོང་ཆ་ཁྱབ་ཀྱིས་ ནང་གསུག་དང་འབྲེལ་བའི་ ཚུལ་མིན་སྤྱོདཔ་མ་ཚད་ ལྟ་བཤལ་པའི་འཛུལ་འཐུས་ཚུ་ ལོག་སྤྱོད་འབད་མི་ལུ་བརྟེན་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ སྤྱི་ལོ་༢༠༢༢ ཟླ་༩ པ་ལས་འགོ་བཙུགས་ ད་ལྟོ་ཚུན་ ཚུལ་མིན་ཐོག་དངུལ་ཀྲམ་ས་ཡ་༤ དེ་ཅིག་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ལུ་ ལྟ་བཤལ་ལམ་སྟོན་པ་༣༥༧ དང་ དེད་གཡོགཔ་ དེ་ལས་ འབྲེལ་སྟེགས་འགོ་དཔོན་༤ ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པའི་ཡིག་ཚང་ལྟེ་བ་ལས་ ཞིབ་དཔྱད་སྡེ་ཚན་གྱིས་ བདའ་ཟུན་དོ་བཟུམ་འབད་བ་ཅིན་ ཚུལ་མིན་གྱི་འཐུས་བསྡུ་ལེན་འབད་མི་ཚུ་ སྡེ་ཚན་ནང་འཁོད་ལུ་ བགོ་བཤའ་འདྲན་འདྲ་རྐྱབ་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༢ ཡོད་མི་ལས་ སྡེ་ཚན་རེ་གིས་ དངུལ་ཀྲམ་ས་ཡ་༤ རེ་ ཐོབ་ནུག་ཟེར་ཨིན་པས།
འདི་དང་འབྲེལ་ སྤ་རོ་གི་རྩོད་གཞི་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སྤྲོད་ཡོདཔ་ཨིན་པས།
སྤ་རོ་སྟག་ཚང་མཇལ་བར་འགྱོ་མི་ ལྟ་བཤལཔ་ཚུ་ གནས་ནང་འགྱོ་སའི་ས་ཁོངས་ རམ་ཐང་ཀ་ལས་ མི་རེ་གིས་ འཐུས་དངུལ་ཀྲམ་༡,༠༠༠ རེ་ གནས་མཇལ་འཐུས་སྦེ་ སྤྲོད་བཅུག་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ནང་ སྤུ་ན་ཁ་ལུ་ ཁྲིམས་སྲུང་འགག་པ་༤ ལཱ་གཡོག་གི་ཁེ་ཕན་ཚུ་ ག་ནི་ཡང་མ་ཐོབ་སྦེ་ བཏོན་བཏང་ཡོདཔ་ད་ ཁོང་༤ གིས་ ཚུལ་མིན་ཐོག་ལས་ འཐུས་དངུལ་ཀྲམ་༡༧༠,༠༠༠ ལོག་སྤྱོད་འབད་ཡོདཔ་སྦེ་ཨིན་པས།
འདི་དང་འདྲཝ་སྦེ་ ལྟ་བཤལ་ལམ་སྟོན་པ་༢༠ དང་ དེད་གཡོགཔ་དག་པ་ཅིག་ དེ་ལས་ འབྲེལ་སྟེགས་འགོ་དཔོན་ཚུ་ དེ་ནང་འབྲེལ་བ་ཡོདཔ་སྦེ་ཨིནམ་ད་ ད་ལྟོ་ ཁོང་གིས་ ལོག་སྤྱོད་ག་དེམ་ཅིག་ འབད་ཡོདཔ་ཨིན་ན་ ངེས་བརྟན་མེདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་འབད་ཚར་བའི་ཤུལ་ལུ་ རྩོད་གཞི་དེ་ སྤྱི་ཟླ་༨ པའི་བདུན་ཕྲག་དང་པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ལྷ་ཁང་དགོན་སྡེའི་གནས་རྩ་ཅན་༧ ཡོད་མི་ཚུ་ ལྟ་བཤལཔ་ཚུ་གིས་ མཇལ་བར་འགྱོཝ་ད་ འཛུལ་འཐུས་ཚུ་ སྤྲོད་དགོཔ་སྦེ་ བཟོ་ཡོདཔ་ཨིན་པས།
གནས་རྩ་ཅན་ཚུ་ཡང་ སྤ་རོ་ལུ་ སྟག་ཚང་དང་ སྐྱིད་ཆུ་ལྷ་ཁང་ ཐིམ་ཕུག་ལུ་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་དང་ ལྕང་སྒང་ཁ་ལྷ་ཁང་ བཀྲིས་ཆོས་རྫོང་ དེ་ལས་ སྤུ་ན་ཁ་རྫོང་དང་ འཆི་མེད་ལྷ་ཁང་ཚུ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་འཁོད་ལུ་ སྤ་རོ་གི་ གནས་རྩ་ཅན་གཉིས་ནང་ལས་ འཐུས་དངུལ་ཀྲམ་ས་ཡ་༦.༦ བསྡུ་ལེན་འབད་བའི་ཁར་ ཐིམ་ཕུག་གི་ ས་ཁོངས་གསུམ་ནང་ལས་ དངུལ་ཀྲམ་ས་ཡ་༤ སྤུ་ན་ཁ་གི་ ས་ཁོངས་གཉིས་ནང་ལས་ དངུལ་ཀྲམ་ས་ཡ་༧ བསྡུ་ལེན་འབད་ཡོདཔ་ཨིན་པས།
སྤ་རོ་སྟག་ཚང་མ་གཏོགས་ ལྷ་ཁང་གཞན་ཚུ་ནང་ འཛུལ་འཐུས་དངུལ་ཀྲམ་༥༠༠ རེ་ སྤྲོད་དགོ་དོ་ཡོདཔ་ད་ དེ་གི་གྲས་ཁར་ ལྟ་བཤལཔ་ གཞུང་འབྲེལ་གྱི་མགྱོནམ་ དེ་ལས་ སྒེར་གྱི་མགྱོནམ་ཚུ་ཨིནམ་བཞིན་དུ་ སློབ་ཕྲུག་དང་ ན་གཞོན་སྐྱེས་ལོ་༦ དང་༡༨ ཀྱི་བར་ན་འབད་མི་ཚུ་ བརྒྱ་ཆ་༥༠ ཕབ་ཆ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་གྱིས་འབད་བ་ཅིན་ རྩོད་གཞི་ཚུ་ ཁོང་གི་ལག་པར་ལྷོད་ཡོདཔ་ལས་ ཞིབ་དཔྱད་སྡེ་ཚན་ཚུ་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
ལྟ་བཤལཔ་ཚུ་ ལྷ་ཁང་དང་ རྫོང་གཞིས་མཇལ་ནིའི་དོན་ལུ་ འཐུས་བསྡུ་ལེན་འབད་ནི་དེ་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༡ ལས་འགོ་བཙུགས་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༩ པའི་ཚེས་༦ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་གྲོས་འཛོམས་ཐེངས་༡༡༣ པ་ཞིབ་པར་སྦེ་ འཚོགས་པའི་སྐབས་ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
འཐུས་བསྡུ་ལེན་འབད་མི་དེ་ གཙོ་བོ་ར་ གནས་ཀྱི་ས་ཁོངས་ནང་ ཉམས་སྲུང་དང་ རྒྱུན་སྐྱོང་འབད་དགོཔ་ཡོད་མི་ལུ་བརྟེན་ མེད་ཐབས་མེདཔ་ཅིག་སྦེ་ ཡོདཔ་ཨིན་པས།
ཀུན་གསལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འདི་དང་འདྲ་བའི་རྩོད་ཉོག་ཚུ་ ལྕང་སྒང་ཁ་ལྷ་ཁང་ནང་ཡང་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་སྦེ་ཨིན་རུང་ ངན་ལྷད་འབད་བའི་ སྙན་ཞུ་མ་འབདཝ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།