དར་དཀར་དཔལ་ལ་དང་ སུན་ཀཱོཤ་གི་གཞུང་ལམ་རྩི་ནག་གཏང་ནི་གི་ལཱ་འདི་ ཞག་དུས་ཁ་ལས་ ཕྱི་སོང་སྟེ་ཡོདཔ།

༉ དར་དཀར་དཔལ་ལ་དང་སུན་ཀཱོཤ་གི་བར་ན་ གཞུང་ལམ་རྩི་ནག་གཏང་ནི་དང་ ཉམས་བཅོས་འབད་ནི་གི་ལཱ་འདི་ ཞག་དུས་ཁ་ལས་ ཟླཝ་ལྷགཔ་ཅིག་གིས་ ཕྱི་སོང་སྟེ་སྦེ་འདུག

ལམ་སེལ་ལས་ཁུངས་དང་འཁྲིལ་པ་ཅིན་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༦ པའི་ནང་ལས་འགོ་བཙུགས་མི་ རྩི་ནག་བཏང་ནི་གི་ལཱ་འདི་ ན་ཧིང་ སྤྱི་ཟླ་ ༦ པའི་ཟླ་མཇུག་ཁར་ མཇུག་བསྡུ་དགོཔ་ཅིག་ཨིན་ཟེར་བཤད་ཅི།

ཨིན་རུང་ ནད་ཡམས་ཀོ་ཝིཌ་ནའིན་ཊིན་ལས་བརྟེན་ འགྲོ་འགྲུལ་བཀག་དམ་འབད་དགོཔ་འཐོན་མི་དང་ ཆརཔ་རྐྱབ་པའི་སྐབས་ལུ་ རྩི་ནག་བཏང་མ་བཏུབ་མི་ལུ་བརྟེན་ ཞག་དུས་འདི་ ཟླཝ་ ༥ མ་ལངམ་ཅིག་གི་རིང་ ཕར་འགྱངས་འབད་དེ་བྱིན་ནུག

དེ་རང་འབད་རུང་ ལཱ་ཚུ་ ད་ལྟོའི་བར་ན་ཡང་ མཇུག་མ་བསྡུ་བར་ཡོདཔ་ལས་ ལམ་སེལ་ཁུངས་ཀྱིས་བཀོད་མི་ནང་ ཁོང་གི་ཁ་ཐུག་ལས་ ཁག་འབགཔ་འདི་ལུ་ རིན་བསྡུར་ཡིག་ཆ་དང་འཁྲིལ་ཏེ་ ཉེས་ཆད་ཚུ་བཀལ་འོང་ཟེར་ཨིན་མས།

ད་རེས་ ཁག་འབགཔ་འདི་གིས་ གཞུང་ལམ་རྩི་ནག་གཏང་ནི་གི་ལཱ་ཚུ་ མགྱོགས་སུ་ཅིག་སྦེ་ མཇུག་བསྡུ་ཚུགསཔ་སྦེ་འབད་ནི་གི་དོན་ལུ་ ལཱ་ཚུ་ བརྩོན་ཤུགས་བསྐྱེད་དེ་འབད་བའི་བསྒང་ཡོདཔ་ལས་ སྤྱི་ཟླ་འདི་གི་སྤྱི་ཚེས་ ༡༠ གྱི་ནང་འཁོད་ མཇུག་བསྡུ་ཚུགས་པའི་རེ་བ་འདུག

ལམ་སེལ་ལས་ཁུངས་ཀྱིས་ ཀི་ལོ་མི་ཊར་ ༤༢ འབད་མི་ གཞུང་ལམ་རྩི་ནག་གཏང་ནི་གི་ལཱ་ཚུ་ཡང་ གོ་རིམ་ ༢ སྦེ་རྩིས་སྤྲོད་དེ་ཡོདཔ་ད་ འདི་ཡང་ སུན་ཀཱོཤ་ལས་ རི་གསུམ་སྒང་ཚུན་དང་ དར་དཀར་དཔལ་ལ་ལས་ རི་གསུམ་སྒང་ཚུན་ཚོད་ཨིན་མས།

ད་རེས་ སུན་ཀཱོཤ་ལས་ རི་གསུམ་སྒང་ཚུན་གྱི་ ཀི་ལོ་མི་ཊར་ ༡༨ འབད་མི་གཞུང་ལམ་འདི་ རྩི་ནག་བཏང་ཚར་ཏེ་ཡོདཔ་ཨིན་རུང་ དར་དཀར་དཔལ་ལ་ལས་ རི་གསུམ་སྒང་ཚུན་ཚོད་ ཀི་ལོ་མི་ཊར་ ༢༤ ཡོད་ས་ལས་ ཀི་ལོ་མི་ཊར་ ༨ དེ་ཅིག་ རྩི་ནག་གཏང་མ་ཚར་བར་འདུག

ལམ་འདི་ཁ་ལས་ རྒྱུན་འགྲུལ་འཐབ་མི་ཚུ་གིས་བཀོད་མི་ནང་ ལམ་གྱི་གནས་སྟངས་ལེགས་ཤོམ་མེད་པའི་བསྒང་ལས་ ཁོང་རའི་སྣུམ་འཁོར་ཚུ་ཡང་ མེདཔ་བཏངམ་མས་ཟེར་བཤད་ཅི།

དར་དཀར་དཔལ་ལ་ལས་ རི་གསུམ་སྒང་ཚུན་ཚོད་ ལམ་རྩི་ནག་གཏང་ནི་གི་ལཱ་འདི་ཡང་ ཟད་འགྲོ་དངུལ་ཀྲམ་ས་ཡ་ ༦༠ དེ་ཅིག་བཏང་སྟེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube