མི་ངོམ་ དཔལ་འབྱོར་གྱིས་ སྐུར་འདེབས་ཀྱི་རྩོད་གཞི་ལུ་ བཤེར་ལེན་ཕུལ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ སྐུར་འདེབས་ཀྱི་རྩོད་གཞི་འདི་ནང་ ད་རིས་ སྒེར་གྱི་མི་ངོམ་ཅིག་ཨིན་མི་ དཔལ་འབྱོར་གྱིས་ བཤེར་ལེན་ཕུལ་ཡོདཔ་ཨིན།

རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཁོ་ལུ་ མི་སྡེ་བརྡ་བརྒྱུད་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྐུར་འདེབས་འབད་ཡོད་པའི་ ཉེས་འཛུགས་བཀོད་དེ་ཡོདཔ་ཨིན་མས།

ད་རིས་ དཔལ་འབྱོར་གྱིས་ བཤེར་ལེན་ཕུལ་མི་ནང་ ཁོ་གིས་ དུས་ཅི་ སྤྱི་ཟླ་ ༥ པའི་ སྤྱི་ཚེས་ ༤ གི་ཚེ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་བཏང་ཡོད་མི་ གནས་ཚུལ་འདི་ མི་དམངས་ཀྱི་མཐའ་དོན་ལུ་ གསལ་བརྗོད་འབད་ཡོདཔ་མ་གཏོགས་ འདི་ནང་ལུ་ འགྱུར་བཅོས་ག་ནི་ཡང་ འབད་འབདཝ་མེདཔ་ལས་ ཁོ་ལུ་ ཉེས་འཛུགས་ཕོགས་དགོཔ་མེད་ཟེར་ཞུ་ཡི།

གནས་ཚུལ་འདི་ཡང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ལས་བྱེདཔ་༡༢ལུ་ ལག་ཁྱེར་རྫུས་མ་བཟོ་བའི་ ཉེས་པ་ལུ་བཙོན་ཁྲིམས་ལོ་༡ ཕོགས་ཡོད་མི་གི་སྐོར་ལས་ཨིན་མས།

རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ དཔལ་འབྱོར་ལུ་ ཉེས་འཛུགས་བཀོད་མི་དང་འཁྲིལཝ་ད་ དཔལ་འབྱོར་གྱིས་ ཁོ་རའི་ མི་སྡེ་བརྡ་བརྒྱུད་ ཕེསི་བུཀ་ནང་ལས་སྦེ་ བྱ་བ་འདི་ ཉེས་ལས་སྦོམ་ཤོས་ཅིག་ཨིནམ་སྦེ་ བྲིས་ནུག་ཟེར་ཨིན་མས།

ད་རུང་ དཔལ་འབྱོར་གྱིས་ དེ་བཟུམ་མའི་བྱ་བ་འདི་ ཉེན་ཁ་ཅན་དང་ ངན་ལྷད་སྦོམ་ཅིག་ཨིནམ་སྦེ་ བྲིས་ཏེ་འདུག་ཟེར་ཨིན་མས།

ཉེས་འཛུགས་ཚུ་དང་འཁྲིལཝ་ད་ མི་སྡེ་བརྡ་བརྒྱུད་ནང་ མ་བདེན་པའི་གཏམ་བྲིས་ཏེ་ ཁྱབ་སྤེལ་བཏང་མི་འདི་གིས་ མི་སྡེ་བརྡ་བརྒྱུད་འཆང་མི་ཚུ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ དམའ་ཕབ་དང་ མི་སེར་ཚུ་ལས་ ཡིག་ཚང་འདི་ལུ་ བློ་གཏད་དང་ཡིད་ཆེས་མེདཔ་འགྱོ་ནིའི་ ཉེན་ཁ་འཐོན་ཏེ་ཡོད་ཟེར་ཨིན་མས།

ད་རུང་ ཉེས་འཛུགས་འདི་ནང་ དཔལ་འབྱོར་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ རྒྱལ་ཡོངས་ལས་མིའི་གླ་ཆ་ ཉུང་ཤོས་ལོ་༡ལས་ མཐོ་ཤོས་ལོ་༣གྱི་ གྱོང་འཐུས་རྩིས་རྐྱབ་སྟེ་ སྤྲོད་དགོ་པའི་ཞུ་བ་ཕུལ་ནུག

དཔལ་འབྱོར་གྱིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༥པའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོ་ལུ་ ཁྲིམས་ཀྱི་ངོས་ལེན་འབད་བའི་ཤུལ་ འཛིན་བཟུང་འབད་དེ་ ཉིནམ་༡༦གི་རིང་ ཁྲིམས་སྲུང་དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་མས།

ཤུལ་ལས་ ཁྲིམས་ཀྱི་འདུན་ས་ལས་ རྩོད་གཞི་འདི་ ཆ་མེད་བཏང་ཡོདཔ་ཨིན་མས།

ད་རིས་ བཤེར་ལེན་ཕུལ་བའི་སྐབས་ དཔལ་འབྱོར་གྱིས་ ཁོ་ར་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ཡོད་མི་ལུ་ རྒུད་འཐུས་འཐོབ་དགོ་ཟེར་ཞུ་ཡི།

ཚེ་རིང་བཟངམོ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube