ཀྲོང་གསར་ གླང་མཐིལ་ལུ་ དོམ་གྱི་ཉེན་ཁ།

༉ ཀྲོང་གསར་རྫོང་ཁག་ གླང་མཐིལ་རྒེད་འོག་གི་མི་ཚུ་ ཁྱིམ་གྱི་ཕྱི་ཁ་ལས་ཕར་འགྱོ་ནི་འདི་ ཚ་འགྱང་ཆེ་བའི་གནད་དོན་ཅིག་ལུ་ འགྱུར་ཏེ་འདུག

འདི་ཡང་ རྒེད་འོག་འདི་ནང་ལུ་ འཕྲལ་འཕྲལ་རང་ དོམ་འཐོན་དོ་ཡོདཔ་ལས་ ཕྱི་ཁ་ལས་ཕར་འགྱོ་ནི་འདི་ ཉེན་ཁ་ཡོད་ནི་འདི་གིས་ཨིན་མས།

ས་གནས་འདི་ནང་གི་ མི་ཚུ་གིས་སླབ་མི་ནང་ དོམ་ཚུ་ ཤིང་འབྲས་ཀྱི་ལྡུམ་ར་ཚུ་ནང་ལས་ཕར་ འཛུལ་དོ་ཡོདཔ་མ་ཚད་ འཕྲལ་འཕྲལ་ གཞུང་ལམ་དང་ གཡུས་ཚན་ཚུ་ནང་ལས་ཕར་ཡང་ འཐོན་དོ་ཡོདཔ་སྦེ་བཤད་ཅི།

མི་ཚུ་གིས་སླབ་མི་ནང་ འདས་པའི་ཟླཝ་༢ལས་ཚུར་ རྒེད་འོག་འདི་ནང་གི་ གཡུས་ཚན་ཚུ་ནང་ལས་ཕར་ དོམ་༧འབད་མི་ཅིག་ འཐོན་ཏེ་རང་ཡོདཔ་སྦེ་ཨིན་མས།

གླང་མཐིལ་ལས་ཨིན་མི་ ལས་འཕྲོ་དབང་འདུས་ཀྱིས་སླབ་མི་ནང་ འཕྲལ་ཁམས་ཅིག་ཁར་ ཁོ་རའི་ཁྱིམ་གྱི་སྦོ་ལོག་ཁར་ ཙན་དན་ཤིང་ཅིག་ཡོད་མི་གུར་ དོམ་ཅིག་འཛེགས་སྡོད་སར་མཐོང་ཡི་ཟེར་ཨིན་མས།

ཁོ་གི་སླབ་མི་ནང་ འདི་བསྒང་ དོམ་འདི་གིས་ ཚང་བཟོ་ནི་གི་དཔའ་བཅམ་དེས་ཟེར་ཨིན་མས།

ལས་འཕྲོ་གིས་སླབ་མི་ནང་ དོམ་འདི་ ཙན་དན་ཤིང་གུར་ ཉིནམ་ཅིག་རང་སྡོད་དེ་ ཕྱི་རུ་ཁམས་རྐྱངམ་ཅིག་ ཉེ་འདབས་ལུ་ཡོད་པའི་ ཚལ་མ་ནང་ འཛུལ་སོང་ཡི་ཟེར་བཤད་ཅི།

འདི་བཟུམ་སྦེ་ གཡུ་དྲུང་ཆོས་གླིང་སྤྱི་འོག་ནང་ལུ་ཡང་ གཡུས་ཁའི་མི་ཚུ་གིས་ དོམ་ཅིག་ ཧིང་ནང་ཚུད་དེ་ཡོདཔ་སྦེ་མཐོང་ནུག

འདི་བསྒང་ དོམ་འདི་ བལཔ་སེའུ་ཟ་བར་ འོང་སྟེ་ཡོདཔ་སྦེ་ཨིནམ་ད་ ཤུལ་ལས་ དོམ་འདི་ ནགས་ཚལ་འགོ་དཔོན་ཚུ་འོང་སྟེ་ སྲོག་སྐྱབས་འབད་ནུག

ད་ལྟོ་ཚུན་ཚོད་ དོམ་ཚུ་གིས་ རྒེད་འོག་འདི་ནང་གི་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་ཡོད་པའི་ སྙན་ཞུ་ཚུ་ག་ནི་ཡང་མེདཔ་ཨིན་མས།

ཨིན་རུང་ ནགས་ཚལ་འགོ་དཔོན་ཚུ་གིས་སླབ་མི་ནང་ དོམ་ཚུ་ གཡུས་ཁ་ལས་ཕར་འཐོན་མ་བཅུག་པར་བཞག་ནི་གི་ ཐབས་ལམ་གཞན་མེདཔ་ལས་ མི་ཚུ་གིས་ དྲནམ་བཏོན་ཏེ་སྡོད་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།

འདི་བཟུམ་སྦེ་ འགོ་དཔོན་ཚུ་གིས་བཀོད་མི་ནང་ ད་ལས་ཕར་ མི་ཚུ་གིས་ གཡུས་ཁ་ལས་ཕར་ དོམ་འཐོན་པ་ཅིན་ སྙན་ཞུ་འབད་དགོ་ཟེར་ཨིནམ་ད་ འདི་ཡང་ ཁོང་གིས་ དོམ་ཚུ་བཟུང་ཞིནམ་ལས་ ཐག་རིང་ས་ལས་ཕར་ བཏང་འོང་ཟེར་ཨིན་མས།

པ་སངས། གནས་ཚུལ་བསྡུ་ལེན་པ། ཀྲོང་གསར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube