ཤེས་རིག་གྲོས་སྟོན་ལས་སྡེ་ཚུ་གིས་ ཁྲལ་ལས་ཟུར་ཐབས།

༉ རྒྱལ་ཁབ་ནང་གི་ ཤེས་རིག་གི་གྲོས་སྟོན་ལས་སྡེ་ཚུ་གིས་ སྤྱི་ལོ་༢༠༡༤ ལས་ ༢༠༡༩ གི་བར་ན་ དངུལ་ཀྲམ་ས་ཡ་༤༥དེ་ཅིག་གི་རྩིས་ ཁྲལ་ལས་ཟུར་ཐབས་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ཤེས་རིག་གི་གྲོས་སྟོན་ལས་སྡེ་ཚུ་གིས་ ཁྲལ་གྱི་ལམ་ལུགས་ལུ་ གནས་དོ་ཡོད་ག་མེད་ཀྱི་སྐོར་ལས་ ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་མི་དང་བསྟུན་ཨིན་མས།

འོང་འབབ་དང་ཅ་དམ་ལས་ཁུངས་འོག་གི་ འོང་འབབ་སྡེ་ཚན་དང་འཁྲིལཝ་ད་ ཞིབ་འཇུག་འདི་ཡང་ འོང་འབབ་ཀྱི་སྐོར་ལས་སྙན་ཞུ་འཛོལ་ཏེ་འབད་མི་གི་ དཀའ་ངལ་སེལ་ནི་དང་ ལས་ཚན་འདི་ ལེགས་བཅོས་བཏང་ནི་ དེ་ལས་ ཁྲལ་ནང་ལུ་ རྒུད་ཕོགས་ཏེ་ཡོད་མི་ཚུ་ ལོག་སྟེ་འཐོབ་ཚུགས་ནིའི་དོན་ལས་ འགོ་འདྲེན་འཐབ་ཡོདཔ་སྦེ་ཨིན་མས།
ལས་ཚན་འདི་གིས་ ན་ཧིང་ ཐིམ་ཕུག་ལུ་སྦེ་ ཞལ་འཛོམས་ཅིག་ཚོགས་པའི་སྐབས་ ཤེས་རིག་གི་གྲོས་སྟོན་ལས་སྡེ་ཚུ་ལུ་ ཁོང་རའི་ འོང་འབབ་འདི་ ལོག་སྟེ་གསལ་སྟོན་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་མས།

དེ་བསྒང་ ལས་ཚན་འདི་གིས་ ལས་སྡེ་འདི་ཚུ་ལུ་ ཁོང་རའི་ འོང་འབབ་ཀྱི་སྐོར་ལས་ སྙན་ཞུ་འཛེལ་ཏེ་འབད་ཡོད་མི་ཚུ་ ལོག་སྟེ་གསལ་སྟོན་འབད་ད་པ་ཅིན་ ཉེས་བྱ་དང་ཉེས་ཁྲིམས་ཚུ་ ག་དེ་དྲག་དྲ་ མར་ཕབ་འབད་བྱིན་འོང་ཟེར་སླབ་ནུག

དེ་ལས་ གྲོས་སྟོན་ལས་སྡེ་ མང་ཤོས་ཅིག་གིས་ ཁོང་རའི་ འོང་འབབ་ཚུ་ལོག་སྟེ་ གསལ་སྟོན་འབད་ནུག

ཤེས་རིག་གི་གྲོས་སྟོན་ལས་སྡེ་ ༣༩དེ་ཅིག་ཡོདཔ་ཨིན་མས།

ད་རེས་ ཁྲལ་གྱི་ལམ་ལུགས་ལུ་ གནས་དོ་ཡོད་ག་མེད་ཀྱི་ སྙན་ཞུ་འདི་གུ་གཞི་བཞག་སྟེ་ ལུང་ཕྱོགས་ཅ་དམ་ཡིག་ཚང་ཚུ་གིས་ ཧེ་མ་ ཁྲལ་འཛག་ལུས་ཤོར་མི་ཚུ་གི་ཐོག་ལུ་ དབྱེ་ཞིབ་ལོག་སྟེ་འབད་དོ་ཡོདཔ་ཨིན་མས།

གནད་དོན་འདི་ཡང་ ན་ཧིང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཤེས་རིག་གི་གྲོས་སྟོན་ལས་སྡེ་ཅིག་གིས་ ཁྲལ་ལས་ཟུར་ཐབས་འབད་བའི་ སྐོར་ལས་ ཉོག་བཤད་བཀོད་པའི་ཤུལ་ལས་ ཧ་གོ་ཡོདཔ་ཨིན་མས།

དེ་གི་ཤུལ་ལས་ གནད་དོན་འདི་ འོང་འབབ་ལས་ཚན་ལུ་བཏང་ཡོདཔ་དང་ ད་རེས་ ཞིབ་དཔྱད་ཚུ་ ཧ་ལམ་ མཇུག་བསྡུ་ནི་གུ་ ལྷོད་དེ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ ཚེ་རིང་བཟངམོ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube