ད་རེས་ཀྱི་བདུན་ཕྲག་ མཇུག་བསྡུ་བའི་བསྒང་ལས་ འབྲུག་པའི་མི་རློབས་བརྒྱ་ཆ་༨༠ལུ་ སྨན་ཁབ་རྐྱབ་ཚར་ནི་ཨིནམ།

༉ ད་རེས་ཀྱི་བདུན་ཕྲག་ མཇུག་བསྡུ་ཁམས་ཅིག་ལས་ རྒྱལ་ཁབ་ནང་ལུ་ ནད་ཡམས་བཀག་ཐབས་ཀྱི་སྨན་ཁབ་འདི་ མི་རློབས་བརྒྱ་ཆ་༨༠ལུ་ རྐྱབ་ཚར་ནི་ཨིན་མས།

འདི་ཡང་ སྐྱེ་ལོ་༡༢ལས་༡༧གྱི་བར་ན་འབད་མི་ ཨ་ལུ་ཚུ་ལུ་ ཁབ་ཐེངས་༢པ་འདི་ ད་རིས་ལས་རྐྱབ་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན།

འདི་དང་གཅིག་ཁར་ སྤྱི་ཟླ་༧པའི་ནང་ ཁབ་ཐེངས་དངམ་རྐྱབ་མི་ རྒས་ཤོས་ཚུ་ལུ་ཡང་ ཁབ་ཐེངས་༢པ་འདི་ རྐྱབ་ནི་ཨིན་མས།

ད་རེས་ཀྱི་ སྨན་ཁབ་རྐྱབ་ནི་གི་ལས་རིམ་གྱི་སྐབས་ལུ་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ དེ་ལས་ བུམ་ཐང་དང་ལྷུན་རྩེ་ འདི་བཟུམ་སྦེ་ མོང་སྒར་རྫོང་ཁག་ཚུ་མ་རྩིས་བར་ གཞན་མི་རྫོང་ཁག་༡༥གི་ནང་ལས་ གཞོན་སྐྱེས་སྟོང་ཕྲག་༤༥དེ་ཅིག་ལུ་ སྨན་ཁབ་ཚུ་རྐྱབ་ནི་ཨིན་མས།

འདི་ཡང་ རྫོང་ཁག་༥གི་ གཞོན་སྐྱེས་ཚུ་ལུ་ ཁབ་ཐེངས་༢ཆ་རང་ རྐྱབ་ཚར་ནུག

འདི་བཟུམ་སྦེ་ རྒྱལ་ཁབ་ནང་འཁོད་ལས་ རྒས་ཤོས་ སྟོང་ཕྲག་༦དེ་ཅིག་ལུ་ཡང་ ཁབ་ཐེངས་༢པ་འདི་ ད་རེས་ཀྱི་ སྨན་ཁབ་ལས་རིམ་ནང་ལུ་ རྐྱབ་ནི་ཨིན་མས།

རྒྱལ་ཡོངས་སྨན་ཁབ་ཁྱད་རིག་བསླབ་སྟོན་སྡེ་ཚན་དང་འཁྲིལ་པ་ཅིན་ འབྲུག་རྒྱལ་ཁབ་ཀྱིས་ སྨན་ཁབ་ཀྱི་ལས་རིམ་འདི་ མཇུག་བསྡུ་བའི་བསྒང་ལས་ མི་རློབས་བརྒྱ་ཆ་༨༠ལུ་ སྨན་ཁབ་ཚངམ་སྦེ་ རྐྱབ་ནི་གི་དམིགས་གཏད་འདི་ སྒྲུབ་ཚུགས་ཟེར་བཤད་ཅི།

ཨིན་རུང་ གསོ་བའི་འགོ་དཔོན་ཚུ་གིས་བཀོད་མི་ནང་ དམིགས་གཏད་འདི་ སྒྲུབ་ཚུགས་ཏེ་རང་འབད་རུང་ ཁ་རས་སྤུར་ནི་དང་ དུས་དང་དུས་སུ་ ལགཔ་འཁྱུ་ནི་ དེ་ལས་ བར་ན་ས་སྟོང་བཞག་ནི་ཚུ་རྩིས་ཏེ་ ནད་ཡམས་ཉེན་སྲུང་གི་སྒྲིག་གཞི་ཚུ་ དམ་དམ་སྦེ་རང་ ལག་ལེན་འཐབ་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།

ཆོས་ཉིད་སྒྲོལ་མ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube