བར་ཟིལ་ལུ་ ནད་ཡམས་ལས་བརྟེན་ཏེ་ འཛིན་སྐྱོང་འཐབ་ནི་ནང་གདོང་ལེན།

བར་ཟིལ་ལུ་ ད་རུང་རང་ མི་ལེ་ཤ་ཅིག་ལུ་རང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་དོ་ཡོདཔ་ལས་ འཛིན་སྐྱོང་འཐབ་ནི་ནང་ལུ་ ལཱ་ཁག་བཏང་སྟེ་འདུག

སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་འདི་ནང་ལུ་ ད་ལྟོ་ཚུན་ཚོད་ མི་ས་ཡ་ཕྱད་ད་༨ལྷགཔ་ཅིག་ལུ་ ནད་ཡམས་ཐོབ་སྟེ་ཡོད་ས་ལས་ མི་འབུམ་༢ལྷགཔ་ཅིག་ལུ་ ཤི་རྐྱེན་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།

སྦི་སྦི་སི་དང་འཁྲིལ་བ་ཅིན་ བར་ཟིལ་གི་ཨེ་མ་ཟོ་ནཱསི་མངའ་སྡེ་གི་རྒྱལ་ས་ མ་ནཱུསི་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་མི་ མང་སུ་ཅིག་སྦེ་རང་ཐོན་ནི་འདི་གིས་ གསོ་བའི་ལས་བྱེདཔ་ཚུ་ ལཱ་ཁག་བཏང་སྟེ་འདུག་ཟེར་ཨིན་མས།

འདི་ཡང་ སྨན་ཁང་ལ་ལུ་ཅིག་ནང་ལུ་ ནདཔ་མ་ཤོང་པའི་དཀའ་ངལ་དང་ སྲོག་རླུང་བཟུམ་གྱི་མཐུན་རྐྱེན་ཚུ་ མེད་པའི་དཀའ་ངལ་ཚུ་ ཐོན་ཏེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ནདཔ་ལ་ལུ་ཅིག་ གནམ་གྲུ་ནང་ལུ་སྦེ་ གཞན་མི་མངའ་སྡེ་ཚུ་ནང་ལས་ཕར་ཡང་ བསྐྱེལ་དགོཔ་ཐོན་ཏེ་ཡོདཔ་སྦེ་ཨིན་མས།

མ་ནཱུསི་ཁྲོམ་ཚོགས་ནང་ལུ་ ན་ཧིང་ཡང་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ཐོབ་མི་ ལེ་ཤ་ཅིག་རང་ ཐོན་ཡོདཔ་ཨིན་མས།

ཁ་ཙ་ ཨེ་མ་ཟོ་ནཱསི་མངའ་སྡེ་གིས་ ནད་འབུཔ་འཕྱེལ་འགྱོ་ནི་ལས་ མར་ཕབ་འབད་ནི་གི་དོན་ལུ་ ཉིནམ་༡༠གི་འགྲུལ་བཀག་གི་ལས་རིམ་འགོ་འདྲེན་འཐབ་ནི་འགོ་བཙུགས་ཏེ་འདུག

ནད་འབུཔ་ཀོ་རོ་ན་ཝའི་རཱས་འདི་ བར་ཟིལ་གྱི་གཞན་མི་མངའ་སྡེ་ཚུ་ནང་ལས་ཕར་ཡང་ ཅོག་རང་ཐདཔ་སྦེ་རང་ འཕྱེལ་འགྱོ་དོ་ཡོདཔ་སྦེ་ཨིན་མས།

སྙན་ཞུ་ལ་ལུ་ཅིག་ནང་ལུ་བཀོད་དོ་བཟུམ་འབད་བ་ཅིན་ བར་ཟིལ་ལུ་ ད་རེས་ ནད་འབུཔ་ཚར་ཅིག་གུ་ཁྱབ་སྤེལ་འགྱོ་མི་འདི་ འགྱུར་བཅོས་འགྱོ་སྟེ་ཡོདཔ་སྦེ་བཤད་ཅི་ ནད་འབུཔ་འདི་ཨིནམ་སྦེ་བཤད་ནི་འདུག

འདས་པའི་བདུན་ཕྲག་ནང་ལུ་ བར་ཟིལ་ལུ་ འགྱུར་བཅོས་འགྱོ་སྟེ་ཡོདཔ་སྦེ་བཤད་ཅི་ ནད་འབུཔ་ཀོ་རོ་ན་ཝའི་རཱས་མ་འདྲཝ་གཉིས་ ངོས་འཛིན་འབད་ནུག

ཨིན་རུང་ ད་རེས་ གློ་འབུར་གྱི་ཐབས་ལམ་ཅིག་སྦེ་ ཨཱ་ཝིན་ས་ཟེར་མི་ བར་ཟིལ་གྱི་གསོ་བའི་དབང་འཛིན་གྱིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་དོན་ལུ་ ཨེས་ཊ་ཟི་ནི་ཀ་དང་ སའི་ནོ་ཝེག་སྨན་ཁབ་ ཆ་གནས་འབད་ཞིམ་ལས་ བཙུགས་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་མས།

ཇོ་ཧོནསི་ཧོབ་ཀིནསི་ཟེར་མི་གཙུག་ལག་སློབ་སྡེ་དང་འཁྲིལ་བ་ཅིན་ བར་ཟིལ་ལུ་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ཐོབ་མི་གི་གནས་ཚད་འདི་ ཡུ་ཨེས་དང་རྒྱ་གར་གྱི་འོག་ལས་རང་ ཚུད་དོ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube