སློབ་ཕྲུག་ཚུ་ རྫོང་ཁག་གཞན་ཁར་འགྱོ་དགོ་མི་འདི་ ཚ་གྱང་ལང་དགོ་པའི་གཞི།

རྒྱལ་ཁབ་ནང་ལུ་ སློབ་གྲྭ་ཚུ་བཀུག་རན་པ་ལུ་ བདུན་ཕྲག་ལྷགཔ་ཅིག་ཡང་མེད་རུང་ ཕུན་ཚོགས་གླིང་གི་སློབ་ཕྲུག་དང་ ཕམ་ཚུ་ ཚ་གྱང་ལང་དགོཔ་ཐོན་ཏེ་འདུག

འདི་ཡང་ ཤེས་རིག་ལྷན་ཁག་གིས་ ཕུན་ཚོགས་གླིང་ལས་ སློབ་རིམ་༧པ་ཡན་ཆད་འབད་མི་ སློབ་ཕྲུག་༢༤༠༠དེ་ཅིག་ རྫོང་ཁག་གཞན་ཁ་ལས་ཕར་ བཏང་ནི་སྦེ་ཡོད་ནི་འདི་གིས་ཨིན་མས།

ཨིན་རུང་ ཁོང་ཨ་ལུ་དང་ཕམ་ཆ་ཁྱབ་ཀྱིས་སླབ་མི་ནང་ ཨ་ལུ་ཚུ་སྐྱེས་ལོ་༡༢རང་འབདཝ་ལས་ བགོ་ལ་རང་ལེགས་ཤོམ་ཅིག་ འགྱོན་མ་ཤེས་ནི་འདི་གིས་ ས་ཐག་རིང་སར་དེ་སྦེ་བཏང་ནི་འདི་ བློ་བདེ་ཚུགསཔ་ཅིག་མེད་ཟེར་བབཤད་ཅི།

འདི་ལུ་ ཤེས་རིག་ལྷན་ཁག་དང་འཁྲིལ་བ་ཅིན་ སློབ་ཕྲུག་ཚུ་ རྫོང་ཁག་གཞན་ཁ་ལུ་བཏང་ནི་སྦེ་ཡོད་མི་འདི་ཡང་ ཕུན་ཚོགས་གླིང་འདི་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་ཉེན་ཁ་ཆེ་བའི་ས་སྒོ་ཅིག་སྦེ་ངོས་འཛིན་འབད་བའི་ཤུལ་ རྒྱལ་ཡོངས་ཀོ་ཝིཊ་ལས་བྱེད་ཚོགས་ཆུང་གིས་ རྒྱབ་སྣོན་བཀོད་མི་དང་འཁྲིལ་ཏེ་ཨིན་ཟེར་བཤད་ཅི།

ཕུན་ཚོགས་གླིང་ལས་ སློབ་ཕྲུག་གི་མ་དོ་བར་ སློབ་དཔོན་ཚུ་ཡང་ རྫོང་ཁག་གཞན་ཁའི་ སློབ་གྲྭ་ཚུ་ནང་ལས་ཕར་ འགྱོ་དགོ་ནི་ཨིན་མས།

སློབ་དཔོན་ལ་ལུ་ཅིག་གིས་བཀོད་མི་ནང་ སློབ་གྲྭ་གཞན་ཁ་ལུ་འགྱོ་དགོ་པ་ཅིན་ སྟབས་མ་དེཝ་དང་གདོང་ལེན་ ལེ་ཤ་ཅིག་རང་ཐོན་ནི་མས་ཟེར་བཤད་ཅི།

ཕུན་ཚོགས་གླིང་གི་སློབ་དཔོན་དང་སློབ་ཕྲུག་ཚུ་ རྫོང་ཁག་གཞན་ཁ་ལུ་བཏང་ནི་གི་དོན་ལས་ ཤེས་རིག་ལྷན་ཁག་འདི་ གཞུང་གི་བཀོད་རྒྱ་ལུ་བསྒུག་སྟེ་ཡོདཔ་སྦེ་ཨིན་མས།

རྒྱལ་ཁབ་ནང་ལུ་ ནད་ཡམས་ཐོན་པའི་ཤུལ་ ན་ཧིང་སྤྱི་ཟླ་༩་པ་ནང་ལས་ ཕུན་ཚོགས་གླིང་ལས་ སློབ་རིམ་༩པ་ཡན་ཆད་འབད་མི་སློབ་ཕྲུག་༡༦༠༠དེ་ཅིག་ སྤུ་ན་ཁ་དང་དབང་འདུས་ཕོ་བྲང་ དེ་ལས་ བསམ་རྩེ་ལུ་ བཏང་སྟེ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལ་འབྱོར་དང་བསོད་ནམས་དཔལམོ།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube